མཚོ་ལྷོ་གསར་བ་བརྩོན་པས་མཛེས་ཤིང་སྡུག
རྒྱང་ལམ་གསར་བ་འབད་པས་གཟི་དཔལ་འཚེར།
—མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་མགོ་བརྩམས།
གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི248ཡོད་པ་དང་། དངོས་སུ་ཞུགས་ཡོད་པའི་འཐུས་མི225ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
སྔ་དྲོའི་དུས་ཚོད་དགུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྱི་མགོ་བརྩམས་ཤིང་། མགོ་རྩོམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའམ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་ཝང་ཀྲུང་དབྱི། ཧྥན་རོན་ཡོན། དཔལ་ལྡན། ཀེང་ཧྲེང་ཁྲེང་། ཏིང་རུའེ་དབྱི། མཱ་ཧྲའོ་ཧྥུའུ། མཁས་ཆེན་དོན་འགྲུབ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོ་སོ། མཚོ་ལྷོའི་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་མིན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཀརྨ་ཕུན་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུའི་ནང་དོན་ལ་ཁག་གསུམ་ཡོད་དེ། གཅིག་ནི2024ལོའི་བྱ་བར་ཕྱིར་དྲན་དང་། གཉིས་ནི2025ལོའི་དམིགས་འབེན་གཙོ་བོ་དང་འགན་འཁྲི་གཙོ་བོ། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དེ་ཡིན།
ཀརྨ་ཕུན་ཚོགས་ཀྱིས་འདས་ཟིན་པའི་ལོ་གཅིག་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་དུ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཐོག མིག་ལྟོས་རྗེས་འབྲང་གི་ཆབ་སྲིད་རང་རྟོགས་དང་ཟབ་སློབ་ཞིབ་རྟོགས་ཀྱི་བསམ་བློའི་རང་རྟོགས། དངོས་སྒྲུབ་ཁུར་ལེན་གྱི་བྱ་སྤྱོད་རང་རྟོགས་བཅས་ཀྱི་ཐོག་ནས་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་ལེགས་འགྲུབ་ཅུང་ལེགས་པོ་བྱུང་ནས། ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་སྤྲད་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ཐད་གོམ་པ་གསར་པ་སྤོས་ཡོད་ཅེས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་ལོ་གཅིག་གི་རིང་ལ་རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་འོད་ནུས་བྱེ་བཅོས་ཀྱི་བྱེད་ཐབས་ནུས་ལྡན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་སྤེལ་ནས་གཟེངས་བསྟོད་བྱས་པ་དང་། ཁ་གཏད་རོགས་སྐྱོར་བྱ་བར་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་ཕུལ་བྱུང་ས་ཁུལ་ཁོ་ནའི་མཚན་སྙན་ཐོབ་པ་དང་། གཞི་གྲངས་མཚོ་སྐྱོར་བྱ་བར་ཞིང་ཆེན་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ནས་གཟེངས་བསྟོད་བྱས་ཤིང་། ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་བྱེད་ཐབས་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཁས་ལེན་གང་ལེགས་གནང་བ་དང་། གུང་ཧོ་རྫོང་ཡང་བསྐྱར་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་རྫོང་ཁོངས་ཞེས་པའི་མིང་ཐོར་ཚུད་ཅིང་། ཁྲི་ཀ་རྫོང་རྒྱལ་ཡོངས་སོས་དལ་ཞིང་ལས་གཙོ་གནད་རྫོང་དུ་བདམས་ཡོད།གྲུབ་འབྲས་འདི་དག་བླངས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་ལམ་སྣ་ཁྲིད་ཅིང་ཁ་ཕྱོགས་བསྟན་པའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་མགོ་ཁྲིད་དང་ཁུལ་ཨུས་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་པའི་འབྲས་བུ་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་པའི་འབྲས་བུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུའང་ཡིན་ཞེས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ཀྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། གནད་འགག་ཆེ་བའི་དུས་ལ་ཇི་ལྟར་འཕྲད་ན་རིག་པ་དེ་བས་གསལ་དགོས་པ་དང་། རྩོད་སྒྲུབ་ཐད་ནས་གནས་བབ་ལ་བལྟ་བ་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཇེ་དྲག་ཏུ་བཏང་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་མགོ་ལེགས་པོར་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།
ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལྷག་ལུས་མེད་པར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག་གི་བཀོད་སྒྲིག་ཁག་གཏིང་ཟབ་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་དང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་དང་བླང་བྱ་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མགྱོགས་མྱུར་ངང་མཉམ་འདྲེས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་སྔར་ལས་བརྟན་པོ་དང་སྔར་ལས་རང་འགུལ་ངང་མཉམ་འདྲེས་དང་ཞབས་ཕྱི་སྒྲུབ་པ་དང་། ངེས་ཤུགས་མཐའ་འཁྱོངས་དང་། ཡིད་ཆེས་བརྟན་པོ། བབ་བསྟུན་འཕྲལ་སྒྲུབ། མུ་མཐུད་དུ་འབད་བརྩོན་བཅས་བྱས་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཀྱི་མགོ་ལེགས་པོ་ཞིག་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་འབད་པས་འབྲི་རྒྱུ་དེ་ཡིན།
ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང5%ཡས་མས་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད5%འཕར། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་འཕར་ཐང9%འཕར་བ་དང་། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར5%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ3%འཕར་བ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དང་དཔལ་འབྱོར་འཕར་ཚད་ཀྱི་གཞི་རྩའི་ཐད་ནས་གོམ་སྟབས་གཅིག་མཚུངས་ཡོང་བར་རྒྱུན་འཁྱོངས་ཐུབ་པ། མཁར་གྲོང་གི་ལས་ཞུགས་མི་གྲངས2000ཡན་གསར་དུ་འཕར་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.5ཡན་སྤོ་སྒྱུར་ལས་ཞུགས་ཐུབ་པ། མཁར་གྲོང་གི་ལས་ཤོར་བརྟག་དཔྱད་བྱེད་ཚད5.5%ནང་ཚོད་འཛིན་ཐུབ་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་དེ་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་འབེན་ནང་ཚོད་འཛིན་ཐུབ་པ། མཁའ་དབུགས་དང་ཆུ་སྤུས། ནུས་གྲོན་བཅས་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་ཚད་ནང་ཚོད་འཛིན་ཐུབ་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི14.7ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན།
ཀརྨ་ཕུན་ཚོགས་ཀྱིས་ད་ལོའི་བྱ་བ་ཡག་པོ་སྒྲུབ་པར་ངེས་པར་དུ་གཅིག་ནས་ཁྱོན་ཡོངས་ལ་དམིགས་ནས་བཅོས་སྐྱོང་དམ་འཛིན་དང་སྲུང་ཡོལ་བརྟན་པོར་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་དགོས། གཉིས་ནས་ནུས་ཤུགས་ཡོད་རྒུས་དངུལ་གཏོང་དམ་འཛིན་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གསུམ་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་སྒྱུར་དམ་འཛིན་དང་སྐྱོར་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་ལྗང་མདོག་ཐོན་ལས་མ་ལག་འཛུགས་དགོས། བཞི་ནས་མཉམ་འདྲེས་དམ་འཛིན་དང་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ལྔ་ནས་འགག་སྒྲོལ་དཀའ་སེལ་གྱིས་གསར་གཏོད་དམ་འཛིན་དང་གསོན་ཤུགས་རྒྱས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གཏོད་དགོས། དྲུག་ནས་སེམས་རྣལ་དུ་ཕབ་ནས་དམངས་འཚོ་དམ་འཛིན་དང་ལས་དོན་དངོས་སྒྲུབ་བྱས་ཏེ། སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བདུན་ནས་བདེ་གནས་ཉེན་ཟོན་སྒོས་བདེ་འཇགས་དམ་འཛིན་དང་བརྟན་བརླིང་འགན་སྲུང་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་བྱ་དགོས་པར་བསྟན།
ཀརྨ་ཕུན་ཚོགས་ཀྱིས་རང་སྐྱོང་ཁུལ་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་གསར་པ་ལྡན་ལ་འགྲན་སློང་གསར་པ་ཡང་ཡོད་པས། ང་ཚོས་དོན་དངོས་བསྒྲུབ་པ་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ཁ་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཏེ། དཀའ་སྤྱད་ཀྱི་རྣམ་འགྱུར་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྒྲུབ་མཁས་ཀྱི་ནུས་པ་བཅས་ལ་བརྟེན་ནས། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། འགུལ་བསྐྱོད་པ། དངོས་སྒྲུབ་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་མངག་བཅོལ་ཡིད་ལ་བཟུང་ནས་ལས་དོན་ལེགས་པོར་བསྒྲུབ་དགོས་ཞེས་བསྟན།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུང་ཅོན་ཞ་ཡིས2024ལོའི་མཚོ་ལྷོ་ཁུལ་གྱི་དམངས་ཚིས་དོན་དངོས་ལས་གཞི་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང2025ལོའི་དམངས་ཚིས་དོན་དངོས་ཀྱི་གདམ་བྱའི་ལས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པའི་འགན་འཁུར་བ། ཁུལ་དམངས་ཆེན་རྒྱུན་ལུས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཁུལ་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག ཞིང་ཆེན་དོ་དམ་སྡེ་ཁག་གི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དང་དམངས་གཉེར་ཁེ་ལས་བཅས་ཀྱི་འགན་འཁུར་བ། ཤང་དང་གྲོང་རྡལ་སོ་སོའི་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།།
རྩོམ་སྒྲིག་པ། མགོན་མོ་བྱམས།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།