ཉེ་ཆར། སྨན་ཁང་ཁ་ཤས་ཀྱི་དབུགས་ལམ་སྒོ་བསྟེན་དུ་གློ་བརྒྱབ་པའི་དབང་གིས་སྨན་པ་བསྟེན་པར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནད་པ་ལ་ལར་ཡུན་རིང་གློ་བརྒྱབ་ནས་དྲག་སྐྱེད་མ་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད། ཡང་སྙིང་ནད་རྐྱེན་གང་ཞིག་ཡིན་ནམ།
པེ་ཅིང་དུ་བཞུགས་པའི་མཁྱེན་ལྡན་མ་ཧུའུ་ལགས་ལ་ཟླ་དགུ་བའི་ཟླ་སྨད་དུ་ཆམ་ནད་ཕོག་ནས་གློ་རྒྱག་པའི་ནད་རྟགས་ཐོན་ཡོད། གཟའ་འཁོར་གཅིག་གི་རྗེས་སུ་ཆམ་པ་རིམ་བཞིན་དྲག་སྐྱེད་བྱུང་མོད། འོན་ཀྱང་གློ་དུས་ཡུན་གཟའ་འཁོར་3ལྷག་ཙམ་དྲག་སྐྱེད་བྱུང་མེད།
ཉེ་ཆར། མཁྱེན་ལྡན་མ་ཧུའུ་ལགས་ཀྱི་ནད་རྟགས་དང་འདྲ་བའི་ནད་པ་ཇེ་མང་དུ་ཕྱིན་ཡོད། སྨན་པས། སྟོན་ཀ་ཤར་བ་ནས་བཟུང་དྲོད་ཚད་མུ་མཐུད་ཆག་པ་དང་ཆབས་ཅིག མཁའ་རླུང་སྐམ་ཤས་ཆེ་རུ་ཕྱིན་པས་དབུགས་ལམ་ཀྱི་ནད་རིགས་སྣ་ཚོགས་ཕོག་བདེ་པོ་ཡོད་ཅེས་བརྗོད་འདུག
པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་འབྱིན་རྔུབ་དང་ནད་གཞི་ལྕི་གྲས་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲང་ཧུང་གིས། ནད་དུག་འགོས་རྗེས་དབུགས་ལམ་གྱི་ཕྲ་སྲིན་ནད་དུག་གམ་ཡང་ན་ནད་རྒྱུའི་གཟུགས་སྣ་ཚོགས་ཀྱིས་གློ་ཡུའི་ཡན་ལག་གི་ཡར་སྐྱིར་གནོད་འཚེ་གཏོང་གི་ཡོད། ཡར་སྐྱིར་གནོད་འཚེ་ཕོག་རྗེས་གློའི་ཚོར་ཤེས་དབང་པོ་ཕྱིར་མངོན་པས་དབུགས་ལམ་གྱི་ཚོར་ཤེས་ཧ་ཅང་སྐྱེན་པོར་འགྱུར་ཏེ་སྐད་ཆ་ཅུང་ཟད་མང་བ་བཤད་པ་དང་། མཁའ་རླུང་གྲང་མོ་ཅུང་ཟད་འཕྲད་ན་གློ་རྒྱག་གི་ཡོད་ཅེས་བརྗོད།
རིགས་གཅིག་མཁས་ཅན་གྱིས། གལ་ཏེ་ཚ་བ་རྒྱས་པ་དང་སྣ་འགགས་པ། མིད་པ་ན་བ་སོགས་དབུགས་ལམ་ལ་ནད་དུག་འགོས་པའི་དུས་འགོའི་ནད་རྟགས་དྲག་སྐྱེད་མངོན་གསལ་དོད་པོ་བྱུང་རུང་། གློ་དྲག་སྐྱེད་མ་བྱུང་ན། དེ་རིགས་ལ་ནད་དུག་འགོས་རྗེས་ཀྱི་གློ་ཞེས་བརྗོད་ཅིང་། དྲག་སྐྱེད་ཡོང་བར་དུས་ཚོད་རིང་ཙམ་དགོས་ཀྱི་ཡོད། ཐུང་ན་ཕལ་ཆེར་གཟའ་འཁོར་གཅིག་གཉིས་དང་། རིང་ན་ཟླ་གཅིག་ལྷག་ཙམ་ཡང་དགོས་པས་བྲེལ་འཚུབ་བྱ་རྒྱུ་མེད་ཅེས་བསྟན་འདུག
སྟོན་དགུན་དུས་ཚིགས་སུ་དབུགས་ལམ་གྱི་ན་ཚ་ཕོག་ན། ང་ཚོས་སྨན་ཇི་ལྟར་བསྟེན་དགོས་པ་དང་། སྔོན་འགོག་ཇི་ལྟར་བྱ་དགོས་སམ།
གློ་ལངས་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད། རིགས་གཅིག་མཁས་ཅན་གྱིས། གཞོན་ནུ་རྣམས་ལ་མཚོན་ན། གལ་ཏེ་གློ་རྒྱག་པའི་ནད་རྟགས་ལྕི་པོ་མེད་ན་ཡིད་གཟབ་བྱས་ཏེ་སྨན་པ་མ་བསྟེན་ཀྱང་ཆོག གལ་ཏེ་རྒྱུན་མཐུད་གཟའ་འཁོར་གསུམ་ལྷག་ཙམ་གློ་བརྒྱབ་ནས་དྲག་སྐྱེད་མ་བྱུང་བ་དང་། ཐ་ན་ན་ཚ་ལྕི་རུ་འགྲོ་ཉེན་ཡོད་ན་སྨན་པ་བསྟེན་ནས་ནད་རྐྱེན་གསལ་པོ་བརྟག་དཔྱད་བྱེད་དགོས་ཞེས་བསྟན།
རིགས་གཅིག་མཁས་ཅན་གྱིས། སྨན་པས་བརྟག་དཔྱད་བྱས་པར་གཞིགས་ནས་ནད་པས་སྨན་བསྟེན་པ་ལས་གང་བྱུང་དུ་སྨན་བསྟེན་མི་རུང་བ་ནན་བཤད་གནང་འདུག དུས་སྐབས་ཤིག་རིང་། མིང་མང་པོ་ཞིག་གིས་མིང་ལ་ཡུའུ་མའེ་ཧྲ་ཧྥེན་ཟེར་བ་གློ་འཇགས་པར་བྱེད་པའི་སྨན་ཞིག་ཡོད་པ་དེ་གློ་ཀུན་འཇོམ་པར་བྱེད་པའི་སྨན་མཆོག་ཏུ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ད་ལོ་རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡུའུ་མའེ་ཧྲ་ཧྥེན་སོགས་སྨན་རྫས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་ཡོད།
ཟླ་7པའི་ཚེས་1ཉིན་ནས་བཟུང་། ཡུའུ་མའེ་ཧྲ་ཧྥེན་དངོས་སུ་རིམ་པ་གཉིས་པའི་དབང་རྩའི་སྨན་རྫས་རིགས་སུ་བཞག་ཡོད། རིགས་གཅིག་མཁས་ཅན་གྱིས། ཡུའུ་མའེ་ཧྲ་ཧྥེན་དུས་ཡུན་རིང་པ་སྤྱད་ན་ལང་ཤོར་ཉེན་ཆེ་བ་མ་ཟད། རྨང་གཞིའི་ནད་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཡང་ཐོན་སྲིད་ཅེས་དྲན་སྐུལ་བྱས་འདུག
པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་སྨན་སྦྱོར་ཚན་ཁག་གི་ཀྲུའུ་རེན་སྨན་སྦྱོར་བ་གཞོན་པ་མཱ་ལིན་ཡའེ་ཡིས། ཡུའུ་མའེ་ཧྲ་ཧྥེན་ནི་དབང་རྩའི་གློ་འཇགས་རིགས་ཀྱི་སྨན་ཞིག་རེད། སྨན་འདི་བེད་སྤྱོད་ཡང་དག་ཐུབ་ན་གནོད་འཚེ་མེད་རུང་། གལ་ཏེ་མང་དྲགས་ན་མཁལ་མ་སོགས་ལ་གནོད་འཚེ་བཟོ་སྲིད་ཅེས་བརྗོད།
འོ་ན་གང་འདྲ་བྱས་ནས་གློག་འཇགས་ཐབས་བྱེད་དགོས་སམ་ཞེ་ན། རིགས་གཅིག་མཁས་ཅན་གྱིས། རྒྱུན་ལྡན་འཚོ་བའི་ཁྲོད་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱས་ནས། གྲང་འགོག་དྲོད་སྲུང་ཡག་པོ་བྱེད་དགོས། ཕྱི་རོལ་དུ་སྐྱོད་སྐབས་ཁ་རས་རྒྱག་པ་དང་། ནམ་རྒྱུན་ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱས་ནས་ལུས་ཁམས་ཀྱི་ནད་འགོག་ནུས་པ་མཐོ་རུ་གཏོང་དགོས། གཞན་ད་དུང་དབུགས་ལམ་ནད་རིགས་མི་འགོས་པ་བྱ་ཆེད། ཆམ་རིམས་བྱུང་བའི་དུས་ཚིགས་མ་སླེབས་གོང་ལ། ཚང་མས་སྔ་ཙམ་ནས་ཆམ་རིམས་འགོག་སྨན་རྒྱག་དགོས་ཞེས་དྲན་སྐུལ་བྱས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
སྒྲིག་སྒྱུར། རིན་ཆེན་འཚོ།
来源:中央广播电视总台藏语
编辑:次仁旺拉