ཆུང་ནས་སློབ་གྲྭའི་སྒོ་ཐེམ་བགྲོད་མྱོང་ཞིང་།།
དཔེ་དེབ་ཐན་ཐུན་བཀླགས་པའི་ཤེས་རྒྱ་དང་།།
སྐད་ཡིག་རིགས་འགའ་ཤེས་པའི་རྟོག་སད་འགས།།
ངུར་སྨྲིག་སྡེ་ཡིས་མི་འཇོན་སྣ་ཚོགས་སྨྲ།།
བྱིས་དུས་དགོན་པའི་དཀོར་གྱིས་རབ་གསོས་ཤིང་།།
བཤེས་གཉེན་བཟང་པོའི་འཚོ་སྐྱོང་ལེགས་པའི་འོག།
རིགས་ལམ་ལང་ཚོ་ཅུང་ཟད་དར་བའི་རྗེས།།
དགོན་ནས་འབུད་དེ་དགོན་ལ་ལྷག་པར་སྡང་།།
གང་ལ་ཕྱིན་རུང་རང་དབང་མི་ལྡན་ཞིང་།།
ཆོག་མཆན་འཛིན་ཡིག་སྦར་གང་ཁུར་དགོས་ཏེ།།
ཀུན་ཀྱང་བགྲོད་སའི་ལམ་དུ་ཐར་དཀའ་བའི།།
ཉེས་ཅན་ཞིག་ལས་མ་འདས་ངུར་སྨྲིག་པ།།
ཚན་རྩལ་གཤོག་འགྲོས་མྱུར་བའི་དེང་གི་ཆར།།
དྲྭ་བའི་སྲང་ལམ་བརྒྱུད་ནས་ཁ་བདེ་འགས།།
དམར་སེར་དགེ་འདུན་སྡེ་ལ་དགག་པ་ཡི།།
ཚིག་གི་ཟེར་མདའ་ཉིན་བཞིན་མང་དུ་འཕེན།།
དགེ་འདུན་སྡེ་ཡིས་མི་རིགས་ཕོངས་ཚུལ་དང་།།
དད་ལྡན་དམངས་ལ་ཟང་ཟིང་བཅོམ་ཚུལ་སོགས།།
དགག་པ་མེ་ལྕེ་འབར་བའི་དུས་སྐབས་སུ།།
སུས་ཀྱང་རྒྱབ་རྟེན་མེད་པའི་ཉམ་ཆུང་ཞིག།
ཞི་བའི་སྟོན་པས་གཟིགས་ཚེ་སྤྱན་ཆབ་ལྷུང་།།
སྐྱེས་ཆེན་རྣམས་ཀྱིས་བཟོད་པའི་ཡུལ་དུ་བཞེས།།
ཀུན་གྱིས་སྡང་མིག་བགྲད་པའི་ངེད་ཚོ་ལ།།
གཉུག་མའི་སེམས་སུ་སྐྱོ་བའི་མདངས་ཤིག་མངོན།།
ངུར་སྨྲིག་སྡེ་ལ་སྡང་ན་འདེང་འཇོག་ཆེ།།
དེའི་རྗེས་འབྲང་བའི་རི་བོང་ཅལ་རྒྱུང་མང་།།
སྐྱོན་འགེལ་བྱེད་ན་རྒྱབ་ལངས་མེད་མཁན་ཅན།།
ཁ་སྟབས་ཆུང་བའི་མགོ་རིལ་ཁེར་གྱིས་ལུས།།
གོམ་གསུམ་སྤོས་ན་འགྲོ་ལུགས་མི་ཤེས་ཟེར།།
ཚིག་གསུམ་བཤད་ན་རྨོངས་དད་རྗེས་ལུས་བཤད།།
དམངས་ཀྱི་ཁུར་པོ་ཞེས་པའི་མིང་བཏགས་པའི།།
ཐ་སྣད་ནག་པོ་གཡོག་པའི་སྟོབས་ཆུང་ཞིག །
སྤྱི་དོན་ཁ་རུ་བཤད་ཀྱང་སེམས་ཕུག་ལ།།
སྒེར་དོན་ཁེ་ཕན་གཉེར་བའི་ངོ་གཉིས་འགས།།
མི་འདུག་མི་འགྲིག་མེད་ཚུལ་སྨྲ་ཆེ་ན།།
རྣ་བར་སུན་པས་འཚམ་འཇོག་གནང་བ་ཞུ།།
བྱ་སྤྱོད་སྙོམས་པ་ཤེས་བྱར་མི་སྲིད་ཅིང་།།
བྱེ་བྲག་སྤྱི་ལ་བསྐོན་ན་མི་འཚམ་པས།།
དགག་བཞག་བདེན་པས་སྟོང་བའི་ཅ་ཅོ་ལ།།
རྒོལ་ལན་སློག་པའི་རིན་ཐང་མ་མཆིས་སོ།།
阅读