ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ།

民生   2024-11-02 11:41   西藏  

欢迎提供新闻线索:lztvxwb@qq.com

     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11ཚེས་1ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གསར་དུ་བདམས་ཐོན་བྱུང་བ་མ་ཟད། ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ་རེད།


     ཞི་ཅིན་ཕིང་གིས་བདེན་དཔང་གནང་བའི་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེན་ཧའོ་ཧུའེ་ལ་ཁོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་794པ་བསྩལ་གནང་བ་རེད།


     ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གཞུང་ནས་ཚེན་ཧའོ་ཧུའེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞི་ཅིན་ཕིང་གིས། ཁྱེད་ཀྱིས་དེ་སྔ་དུས་ཡུན་རིང་པོའི་ནང་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་འགོ་འཛིན་གྱི་འགན་འཁུར་རིང་། རྒྱལ་གཅེས་ཨའོ་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཁྲིམས་ལྟར་འགན་སྒྲུབ། རང་འགན་ནན་སྒྲུབ་བཅས་བྱས་ནས། ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁྱེད་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ནང་ཞུགས་ཚུན་དངོས་གཉེར་དམངས་གཅེས་དང་གནད་དོན་ལ་ཁ་གཏད་བྱེད་ཕོད་པའི་རྣམ་པ་བཟང་པོ་མངོན་ཡོད་པ་དང་། འདེམས་བསྐོའི་ནང་ཞུགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དང་སྲིད་སྐྱོང་གི་འདུ་ཤེས་དེ་ཨའོ་མོན་གྱི་དོན་དངོས་དང་མཐུན་ཁར། རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ཡང་མཐུན་ཡོད། ཁྱེད་ལ་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ཁྲོད་འདེམས་ཤོག་མང་པོ་ཐོབ་ནས་མིང་བཏོན་པ་དང་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཨའོ་མོན་སྤྱི་ཚོགས་ཀྱིས་ཁྱེད་ལ་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་པ་མཚོན་ཐུབ་ལ། ཀྲུང་དབྱང་ནས་ཁྱེད་ལ་ཁས་ལེན་གང་ལེགས་དང་ཡིད་ཆེས་ཆེན་པོ་ཡང་ཐོབ་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།


     ཞི་ཅིན་ཕིང་གིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ལམ་ལུགས་བཟང་པོ་ཞིག་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་། ཀྲུང་དབྱང་དང་མེས་རྒྱལ་ནང་སའི་རྒྱབ་སྐྱོར་ཤུགས་ཆེན་འོག་དང་ལྷག་པར་དུ་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་འབད་འཐབ་བྱས་པས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་པ་དང་། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་འཁེལ་བའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཀྱི་སྒྲིག་ལམ་བརྟན་པོ་བཙུགས་པ། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་མུ་མཐུད་ཕྱོགས་ཡོངས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། འགྱུར་ལྡོག་མི་འགྲོ་བ་དང་ངོ་བོ་མི་འགྱུར་བར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད་ཅེས་གསུངས་ཡོད།


     ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྲོད་ཤང་ཀང་དང་ཨའོ་མོན་གྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། འདིས་ཨའོ་མོན་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་མཉམ་འདྲེས་ཐུབ་པ་དང་རང་ངོས་དེ་བས་ལེགས་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། སྲིད་འཛིན་དཔོན་གྱི་འགན་འཁྲི་འཁུར་བ་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན་ལ་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིའི་རེ་བ་ཆེན་པོ་ཞིག་ཀྱང་ཡིན། ཁྱེད་ཀྱིས་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་ཕོད་པ་དང་འགན་དཀྲི་ཆུད་ཟོས་སུ་མི་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་གི་སྣེ་ཁྲིད་དེ་སྤྱི་ཚོགས་ལས་རིགས་ཁག་དང་མཐུན་སྒྲིལ་དང་། སེམས་མཐུན་སྟོབས་སྒྲིལ། དྲང་སྲུང་གསར་གཏོད། འགན་འཁུར་ཡར་བརྩོན། ལས་མཁས་སྒྲུབ་མཁས་བཅས་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།


     ཚེན་ཧའོ་ཧུའེ་ཡིས་ཀྲུང་དབྱང་སྲིད་གཞུང་ནས་རང་ཉིད་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོས་པར་གཟི་བསོད་ཆེན་པོ་ལྡན་པའི་མྱོང་ཚོར་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་འགོ་ཁྲིད་འོག ཕྱོགས་ཡོངས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་ལེན་བསྟར་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་གོང་འཕེལ་གནས་བབ་ཆེན་པོའི་ཁྲོད་དེ་བས་མཉམ་འདྲེས་ཐུབ་པ་དང་ཞབས་འདེགས་ཞུ་བ། སྤྱི་པའི་བཅོས་སྐྱོང་ནུས་པ་དང་དོ་དམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་སྣ་མང་ཅན་དུ་འོས་འཚམ་འཕེལ་རྒྱས་འགྲོ་རྒྱུར་གང་མགྱོགས་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆོད་སེམས་ཡོད་ཅེས་གསུངས་པ་རེད།


     ལི་ཆང་དང་ཚའེ་ཆི། ཏིང་ཞུའེ་ཞང་། ཧྲི་ཐའེ་ཧྥེང་། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོགས་མཇལ་འཕྲད་ནང་ཞུགས་ཡོད།


来 源:中央广播电视总台藏语

编辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章