༄༅། །རྗེས་ཁྱབ་དང་རྟགས་ཆོས་ཀྱི་འབྲེལ་བའི་སྐོར་གྱི་དྭོགས་དཔྱོད།
༸ འབྲས་བློ་གླིང་དགེ་བའི་བཤེས་གཉེན་དཔལ་ལྡན་གྲགས་པ་མཆོག
དེ་ཡང་རྟགས་གང་ལ་ཚུལ་གསུམ་གྲུབ་ཚུལ་ཤེས་པ་ལ་ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་ཚིག་ཟུར་སོ་སོའི་དགོས་པ་རྣམས་ལེགས་པར་ཤེས་དགོས། དེ་ལ་རྟགས་ཚུལ་སོ་སོ་སོང་བའི་གང་ཟག་ཅེས་པའི་དང་པོ་ནི། ཤེས་འདོད་ཆོས་ཅན་སྐྱོན་མེད་གྲུབ་པ་དང༌། གཉིས་པ་དང་གསུམ་པ་ནི་དེ་གཉིས་ཀ་ལ་སྔོན་དུ་དཔེ་གཉིས་ཀ་སོ་སོར་ཡང་དག་སོང་ཟིན་པ་ལས་དངོས་སུ་གཙོ་བོར་མཐུན་དཔེ་དེ་བཟུང་བ་དང༌། དངོས་སུ་གཙོ་བོར་མི་མཐུན་དཔེ་དེ་བཟུང་བའི་གང་ཟག་རྣམས་ཏེ། དེ་ལ་དང་པོ་ནི་གང་སྒྲུབ་པའི་རྟགས་སུ་གང་བཀོད་པ་དེ་དེ་སྒྲུབ་ཀྱི་རྩོད་གཞི་གང་བཟུང་བ་དེའི་སྟེང་དུ་ཁྱད་ཆོས་ཀྱི་ཚུལ་དུ་གྲུབ་པའི་རྒྱུ་མཚན་གྱིས་གང་བསྒྲུབ་བྱའི་ཆོས་སུ་བཟུང་བ་དེ་ཡིན་མིན་ལ་དཔྱོད་པའི་གང་ཟག་དང༌། གཉིས་པ་ནི་དཔེ་གཉིས་ཀ་གྲུབ་ཟིན་པ་གང་ཞིག་དངོས་སུ་གཙོ་བོར་དེ་སྒྲུབ་ཀྱི་རྟགས་སུ་གང་བཀོད་པ་དེ་ཡིན་ན་གང་བསྒྲུབ་བྱའི་ཆོས་སུ་བཟུང་བ་དེ་ཡིན་པས་ཁྱབ་པ་གང་མཐུན་དཔེར་བཟུང་བ་དེའི་སྟེང་དུ་གྲུབ་ནས་དེ་བཞིན་དུ་རྩོད་གཞིའི་སྟེང་དུ་དེ་དང་འདྲ་མཚུངས་དཔྱོད་པའི་གང་ཟག་དེའོ།།
གསུམ་པ་ནི། དཔེ་གཉིས་ཀ་གྲུབ་ཟིན་པ་གང་ཞིག་དངོས་སུ་གཙོ་བོར་དེ་སྒྲུབ་ཀྱི་ཆོས་ལོག་དེ་ལ་རྟགས་ལོག་དེས་ཁྱབ་པ་མི་མཐུན་དཔེར་གང་བཟུང་བ་དེའི་སྟེང་དུ་ངེས་ནས་དེ་བཞིན་དུ་རྩོད་གཞིའི་སྟེང་དུ་འདྲ་མཚུངས་དཔྱོད་པའི་གང་ཟག་ཞིག་ལ་གོ་དགོས་པར་སྣང་ལ། དེ་རྣམས་ནི་རྟགས་ཚུལ་སོ་སོར་གྲུབ་པ་ལ་དགོས་གལ་ཤིན་ཏུ་ཆེ་བར་སྣང་སྟེ། དེ་ཡང་རྗེས་ཁྱབ་ལྡོག་ཁྱབ་རྫོགས་པར་གྲུབ་པ་ལ་སྔོན་དུ་དཔེ་གཉིས་སོ་སོའི་སྟེང་དུ་མཚུངས་པ་བསྒྲེས་ཏེ་རྟགས་དེ་རྒྱུ་མཚན་དུ་བཟུང་བ་ཞིག་དགོས་པ་ནི། དཔེར་ན་འཇིག་རྟེན་ན་དོན་གལ་ཆེ་བ་བསྒྲུབ་པ་ན་སྔོན་དུ་མཐུན་དཔེ་དང་མི་མཐུན་དཔེ་བཞག་སྟེ་དཔྱད་ནས་ཐག་གཅོད་བྱེད་དགོས་པ་འདིས་ཀྱང་ལེགས་པར་གོ་ཐུབ་པར་སྣང་ངོ༌།།
དེ་ལ་ཚུལ་དང་པོའི་སྐོར་ནི་བཤད་ཟིན་ལ། རྟགས་ཚུལ་གཉིས་པའི་མཚན་ཉིད་ལ། རང་ཉིད་གཞི་དེ་དོན་དེར་སྒྲུབ་པའི་རྟགས་ཚུལ་གཉིས་པར་སོང་བའི་གང་ཟག་གིས་རང་ཉིད་དེ་བསྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པའི་དང་པོར་དེ་འདྲར་སོང་བའི་གང་ཟག་ཅེས་པས། དཔེར་ན། སྒྲ་མི་རྟག་པར་ངེས་ཟིན་པ་དང༌། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་བསྒྲུབ་པ་དང༌། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་སོགས་ལ་རྗེས་ཁྱབ་གྲུབ་པ་ཁེགས་ལ། ཡང་དེར་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཡོད་མེད་ཅེས་པའི་ལ་སྒྲ་ནི། དཔེར་ན། དཔའ་བོ་བོད་པ་ལ་ཡོད་ཅེས་པའི་ལ་སྒྲ་ལྟར་རྣམ་དབྱེ་གཉིས་པའི་དེ་ཉིད་ཀྱི་སྒྲ་ཡིན་གྱི། དཔའ་བོ་བོད་ལ་ཡོད་ཅེས་པའི་ལ་སྒྲ་རྟེན་གནས་ལ་གོ་བ་ལྟར་མིན་ལ། དེ་ཡང་དཔའ་བོ་ཡིན་པའི་བོད་པ་ཡིན་པ་ཡོད་པ་ལ་གོ་བ་ལྟར་དེ་དང་གཞི་མཐུན་ཡོད་མེད་ལ་གོ་དགོས་ཤིང༌། དེ་ལྟར་ཡང་ཀ་བུམ་གཉིས་ཀྱང་ནང་ཚན་སོ་སོ་ནས་ཤེས་བྱ་དང་གཞི་མཐུན་ཡོད་པས་དེ་གཉིས་ཤེས་བྱ་ལ་མེད་པར་ཐལ་བར་ཡང་མི་འགྱུར་རོ།།
དེ་ལྟར་ན་བྱས་པ་རྟག་པ་ལ་ཡོད་པར་འཛིན་ཚུལ་ནི་དེ་དང་གཞི་མཐུན་ཡོད་པར་འཛིན་ཚུལ་དེ་ཉིད་ཡིན་པས། བྱས་པ་རྟག་སྟོང་དུ་ངེས་པ་ན་བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་དགོས་པས་བྱས་པ་ལ་རྟག་པ་མེད་པར་ངེས་དགོས་པར་མ་ཟད། བྱས་པ་རྟག་པ་ལ་མེད་པར་ཡང་ངེས་པར་འདོད་དགོས་པར་གོ་ལ། དེས་ན་བྱས་པ་རྟག་པ་སྤྱི་ཡིས་སྟོང་པར་ངེས་ན་དེ་དང་གཞི་མཐུན་མེད་པར་ངེས་པ་ལྟར། བྱས་པ་དེ་རྟག་པའི་ལྡོག་པས་ཁྱད་པར་དུ་བྱས་པའི་བྱེ་བྲག་ཤར་གྱི་རྟག་པ་སོགས་ཀྱིས་སྟོང་བར་ཡང་ངེས་དགོས་ཤིང༌། དེ་རེ་རེ་དང་གཞི་མཐུན་མེད་པར་ཡང་ངེས་དགོས་པས་བྱས་པ་རྟག་པ་མཐའ་དག་ལ་མེད་པར་ངེས་ཚུལ་ཡང་དེ་ལྟར་ཡིན་པར་སྣང་ངོ༌།།
དེ་བཞིན་དུ་བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་འཛིན་པ་དེས་བྱས་ན་མི་རྟག་པས་མ་ཁྱབ་པའི་མུར་འཛིན་པ་ཡིན་པས། གཞི་མཐུན་དེ་མེད་པར་ངེས་པ་ན་བྱས་ན་མི་རྟག་པས་ཁྱབ་པ་དང༌། བྱས་པ་མི་རྟག་པ་ཡིན་པ་དང༌། དེ་དང་གཞི་མཐུན་ཡོད་པར་ངེས་པས་དེ་ལ་ཡོད་པར་ངེས་པ་མ་ཟད། བྱས་པ་རྟག་སྟོང་ངེས་པ་ན་རྟག་པ་མཐའ་དག་ལ་མེད་པར་ཡང་ངེས་ལ། དེས་ན་བྱས་པ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་དང་བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ཚད་མས་ངེས་པའི་གང་ཟག་དོན་གཅིག་ཚུལ་ཡང་འདིས་གོ་བས། བྱས་པ་མི་རྟག་པར་ངེས་པ་ན་བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པར་ཡང་འདོད་དགོས་པར་གོའོ།།
འོན་ཀྱང་འདིར་ཞིབ་ཆ་ཕྱེད་དགོས་པ་ནི་སྒྲ་བདག་མེད་སོགས་མེད་དགག་རིགས་འཇུག་ཡུལ་དུ་བྱེད་པའི་བློ་དེ་ཉིད་ཀྱིས་དེ་ལ་ཡོད་པ་སོགས་རྟོགས་པར་འདོད་མི་ནུས་ཀྱང༌། བར་དུ་ཚད་མ་གཞན་བརྒྱུད་མི་དགོས་པར་ཚད་མ་དེས་དེ་ལ་སྒྲོ་འདོགས་ཆོད་ཟིན་པ་དེའི་ཤུགས་ཀྱིས་ངེས་པ་དྲངས་ཐུབ་པ་ལ་འདོད་དགོས་པར་སྣང་ཞིང༌། དེ་བཞིན་དུ་སྤྱི་ཡིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་ཞེས་པ་ཡང་སྤྱི་ཡིས་སྟོང་བར་ངེས་པའི་བློ་དེའི་འཛིན་སྟངས་ལ་དེ་འདྲའི་བྱེ་བྲག་གིས་སྟོང་བ་ཐམས་ཅད་མེད་ཀྱང་དེ་དང་དེ་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་རྟོགས་ནུས་ཤིང༌། འོན་ཀྱང་ཕྱི་རྒོལ་ཡང་དག་གིས་བསྒྲུབ་བྱ་ལ་དེ་ལྟར་ནུས་པ་མེད་པས་སྒྲོ་འདོགས་ཆོད་ཟིན་མ་ཟིན་གྱི་ཁྱད་པར་ཡོད་ཅེས་སྨྲ་ན་འགྲིགས་མིན་དཔྱད་རྒྱུ་ཡོད་པར་སྣང་ངོ༌།།
དེར་མ་ཟད་ཁྱད་གཞི་བྱས་པའི་སྟེང་དུ་བྱས་ན་མི་རྟག་པས་མ་ཁྱབ་པར་འཛིན་པའི་བློ་དེས་བྱས་པ་ཁོ་རང་དེ་ལྟར་མ་ཁྱབ་པའི་མུར་འཛིན་པ་དང༌། དེའི་སྟེང་དུ་རྟག་ན་མ་བྱས་པས་མ་ཁྱབ་པར་འཛིན་པའི་བློ་དེས་ཀྱང་བྱས་པ་རང་ཉིད་དེ་ལྟར་མ་ཁྱབ་པའི་མུར་འཛིན་པ་ཡིན་པས། བྱས་པ་རྟག་སྟོང་ངམ་མི་རྟག་པར་རྟོགས་པ་ན་ཁྱད་གཞི་བྱས་པའི་སྟེང་དུ་བྱས་པ་དེ་རྟག་པ་དང་བྱས་པའི་གཞི་མཐུན་མིན་པ་དང༌། བྱས་པ་དང་རྟག་པའི་གཞི་མཐུན་ཡང་མ་ཡིན་པར་རྟོགས་པས་བྱས་པའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་དང་བྱས་ན་མི་རྟག་པས་ཁྱབ་པ་གཉིས་ཀྱང་ངེས་མཉམ་ཡིན་པར་སྣང་ལ། འདིས་རྩོད་གཞི་སྒྲའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་ངེས་པ་ན་སྒྲ་མི་རྟག་པར་ངེས་དགོས་ཚུལ་དང༌། དེར་མ་ཟད་རྩ་ཤེ་ཊཱིཀ་ཆེན་ལས། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པས་ཁྱབ་པ་དེ་མྱུ་གུའི་སྟེང་དུ་རྟོགས་ན་མྱུ་གུ་བདག་སྐྱེ་མ་ཡིན་པར་གྲུབ་དགོས་ཚུལ་གསུངས་པས་ཀྱང་གནད་དེ་ཉིད་ལེགས་པར་གོའོ་སྙམ་མོ།།
དེས་ན་ཁྱད་གཞི་བྱས་པའི་སྟེང་དུ་བྱས་པ་རྟག་སྟོང་དང་བྱས་པ་དང་རྟག་པའི་གཞི་མཐུན་མེད་པ། བྱས་པ་ལ་རྟག་པ་མེད་པ། མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པ་བཞི་དང༌། བྱས་ན་མི་རྟག་པས་ཁྱབ་པ་དང་བྱས་པ་མི་རྟག་པ་དང་འབྲེལ་བ་དང༌། དེ་མི་རྟག་པ་ཁོ་ན་ལ་ཡོད་པ་སོགས་ཀྱང་ངེས་མཉམ་དང༌། དེ་བཞིན་དུ་རྟག་པའི་སྟེང་དུ་རྟག་པ་བྱས་སྟོང་སོགས་ལ་རིགས་འགྲེ་བར་བྱ་སྟེ། རྣམ་བཤད་དུ། ཕྱོགས་ཆོས་མ་བརྗོད་གོང་གི་དཔེ་གཉིས་ལ་དངོས་སུ་བསྟན་པ་ནི་འབྲེལ་བའི་རང་ལྡོག་དང་དོན་ལྡོག་གི་ཕྱོགས་གཅིག་ཁྱབ་པ་ངེས་པའི་རྒྱུར་བསྟན་པ་ཡིན་གྱི་ཞེས་དང༌། རང་བཞིན་ལ་ཡང་མེད་མི་འབྱུང༌།། ཞེས་པའི་གཞུང་སྦྱོར་དུ་མི་རྟག་པ་དེ་བྱས་པ་ཡོད་ཙམ་དང་རང་ཆས་སུ་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར་དེས་འབྲེལ་བའི་རང་ལྡོག་བསྟན་ནས་ཞེས་སོགས་གསུངས་པ་ལས་བྱས་པ་མི་རྟག་པ་དང་འབྲེལ་བའི་རང་ལྡོག་སྟེ་དེ་དང་འབྲེལ་བ་ཞེས་པ་དང༌། བྱས་ན་མི་རྟག་པས་ཁྱབ་པ་ཞེས་པ་ནི་གོ་དོན་གཅིག་ཏུ་གོ་དགོས་པར་སྣང་ངོ༌།།
དེ་ཡང་འོག་ཏུ་རྣམ་བཤད་ཀྱི་ལུང་དུའང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་སྔར་བཤད་པའི་འབྲེལ་བའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་ཙམ་ལས་མེད་པ་འདིས་ཀྱང་གོང་གསལ་དེ་དག་ལ་ངེས་པ་སྟེར་བར་སྣང་བས། གཞུང་འགར་བྱས་མི་རྟག་གི་འབྲེལ་བ་ངེས་པ་ལ་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་ནི་ཁྱད་གཞི་བྱས་པའི་སྟེང་དུ་འབྲེལ་བའི་ཐ་སྙད་ངེས་པ་ལ་དེ་ལྟར་ངེས་དགོས་པ་ལ་དགོངས་པ་ཡིན་ནམ་སྙམ་སྟེ། གཞན་དུ་ན་འབྲེལ་བའི་རང་ལྡོག་ངེས་ཚུལ་ནི་གོང་གསལ་ལྟར་འདོད་དགོས་པས་བྱས་པ་རྟག་སྟོང་དང་རྟག་པ་བྱས་སྟོང་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བར་དྭོགས་ཏེ་དཔྱད་བྱར་སྣང་ངོ༌།། ཡང་རྟགས་ཚུལ་གསུམ་པའི་མཚན་ཉིད་ཀྱི་ཟུར་དུ་ཉིད་མེད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་ལ་དགོས་པ་ཡོད་དེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཏུ་གོ་བའི་ཆེད་དུ་ཡིན་ནོ།། དེ་ལྟར་མ་སྨོས་པར་ཉིད་མེད་པའི་ཕྱིས་སྨོས་ན་རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་སྨྲ་དགོས་ལ། དེ་མི་རིགས་ཏེ་མཐུན་ཕྱོགས་རྩོལ་མ་བྱུང་གི་བྲག་རི་ལའང་མེད་པའི་ཕྱིར། འོ་ན་རྩོལ་བྱུང་དུང་སྒྲ་མི་རྟག་པར་བསྒྲུབ་པའི་མི་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། དེ་ཁོ་ན་ལ་མེད་པ་མ་ཡིན་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། མཐུན་ཕྱོགས་རྩོལ་མ་བྱུང་གི་བྲག་རི་ལའང་མེད་པའི་ཆ་ནས་མི་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་བརྗོད་པ་ཙམ་ཡིན་གྱི་མི་མཐུན་ཕྱོགས་ཁོ་ན་མེད་ཅེས་པའི་དོན་མ་ཡིན་ཏེ། དེ་ལྟར་ན་མི་མཐུན་ཕྱོགས་ལ་ཡོད་པར་ཐལ། མི་མཐུན་ཁོ་ན་ལ་ཡོད་པའི་ཕྱིར་ཞེས་པའི་སྐྱོན་འཇུག་སྟེ། དགོངས་པ་རབ་གསལ་ལས། ཁ་ཅིག་དེའི་དོན་ནི། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པའི་དོན་དུ་འཆད་པ་མི་རིགས་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པའི་ཕྱིར། མ་གྲུབ་ན་དེ་དེ་སྒྲུབ་ཀྱི་མི་ཕྱོགས་ལ་ཡོད་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། ཞེས་གསུངས་པ་ལྟར་ཚིག་སྐྱོན་འཇུག་པ་ཤེས་པར་བྱ་དགོས་སོ།། ཡང་རྟགས་ཚུལ་སོ་སོར་སོང་བའི་གང་ཟག་གིས་ངེས་པ་ཞེས་པའི་གཅད་བྱ་ནི། དཔེར་ན་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་ཁྱབ་མངོན་སུམ་གྱིས་གྲུབ་ཀྱང་ངེས་པ་ནི་མ་ཡིན་ཏེ། ཚད་མ་མདོ་རང་འགྲེལ་ལས། མངོན་སུམ་ནི་གང་གིས་ཀྱང་ངེས་པར་བྱེད་པ་མིན་ནོ།། འོ་ན་ཅི་ཞེ་ན་དེར་སྣང་བས་སོ།། ཞེས་གསུངས་པས་གོ་ལ། དེས་ན་ཤེས་པ་གང་གིས་གྲུབ་པ་དེར་གང་ཟག་རང་རང་གིས་རྟོག་དཔྱོད་ཞུགས་ཏེ་ངེས་དགོས་པ་ཞིག་གོ་བའི་ཆེད་དུ་ཡིན་པར་སྣང་ངོ་།།
ཡང་འདིར་དྭོགས་གནས་ཤིག་ལ། རྟགས་ཚུལ་སོ་སོར་སོང་བའི་གང་ཟག་ཚད་མས་ངེས་ན་རྟགས་ཚུལ་སོ་སོ་ཡང་ངེས་པར་སྨྲ་དགོས་པར་འགྱུར་བས་མཚན་ཉིད་དེ་རྣམས་ངེས་དུས་ནས་ཕྱོགས་ཆོས་རྗེས་ཁྱབ་སོགས་ཀྱང་ངེས་པར་འགྱུར་ལ། དེ་ལྟར་ན་དེ་དག་གི་མཚན་ཉིད་འགྲོ་ཚུལ་མ་ཚང་བར་འགྱུར་རོ་སྙམ་དུ་དྭོགས་ཤིང་། དེས་ན་དེ་བསྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་སོང་བ་དང་། མཐུན་དཔེ་ཡང་དག་སོང་བ་དང་། མི་མཐུན་དཔེ་ཡང་དག་སོང་བའི་གང་ཟག་ཅེས་རིམ་པ་བཞིན་ཚུལ་གསུམ་གྱི་མཚན་ཉིད་ཀྱི་ཟུར་དུ་སྦྱར་ན་ཚིག་སྐྱོན་ཆོད་ཅིང་དོན་ལའང་འགྲིགས་པར་སྣང་སྟེ་དཔྱད་པར་བྱའོ།།
ད་ནི་འདི་ལྟར་དཔྱད་པར་བྱ་སྟེ། དེ་ཡང་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་རང་འགྲེལ་དུ། འབྲེལ་བ་མེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ན་ངེས་པ་ཞེས་བཤད་པ་ཡིན་ནོ།། ཞེས་གསུངས་ཤིང༌། དེའི་དོན་ཡང༌། དཔེར་ན། བྱས་པ་དང་མི་རྟག་པའི་འབྲེལ་བ་ངེས་པ་མེད་པར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་མེད་དེ། ཁྱབ་པ་དེ་གཉིས་ངེས་པ་ལ་རྟགས་བྱས་པ་དེ་ཉིད་མི་རྟག་པ་ཁོ་ན་ལ་ཡོད་པ་དང་རྟག་པ་ལ་མེད་པ་ཉིད་དུ་ངེས་དགོས། དེ་ལྟར་ངེས་པ་ལ་བྱས་ན་མི་རྟག་པས་ཁྱབ་པའམ་བྱས་པ་རང་གྲུབ་ཙམ་ནས་མི་རྟག་པར་རང་ཆས་སུ་གྲུབ་པའི་འབྲེལ་བ་ངེས་དགོས་ལ། རྒྱུ་མཚན་དེ་ཉིད་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་འབྲེལ་བ་ངེས་དགོས་པ་དེ་ཉིད་ལེགས་པར་གོ་བའི་ཆེད་དུ་རྟགས་ཚུལ་ཕྱི་མ་གཉིས་ཀྱི་མཚན་ཉིད་སྟོན་པར་མཛད་པའི་ཚེ་ནའང་ངེས་པ་ཞེས་པའི་ཚིག་གསལ་བར་བཤད་པ་སྟེ་སྦྱར་བ་ཡིན་ནོ།། ཞེས་གསུངས་པ་ཡིན་པར་སྣང་ངོ༌།།
ངེས་བརྗོད་མཛད་པའི་གཞུང་ཚིག་ནི་ཚད་མ་མདོར། རྗེས་དཔག་བྱ་དང་དེ་མཚུངས་ལ།། ཡོད་དང་མེད་ལ་མེད་པར་ནི།། ངེས་པ་ཞེས་པ་དེ་ལ་འདོད་པ༌ཡོད་ཀྱང་། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལས། ཚུལ་གསུམ་པོ་དེ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཡང་ངོ་། ཞེས་ངེས་བརྗོད་དངོས་སུ་མཛད་པའི་གཞུང་དེ་ཡིན་པར་སྣང་ལ། དེའི་ཁུངས་ཀྱང་། མདོ་རང་འགྲེལ་ལས། དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་གི་རྗེས་ལ་དེའི་རིགས་དང་མཐུན་པ་ལ་ཡང་སྤྱི་ཡི་ཚུལ་གྱིས་ཕྱོགས་ཐམས་ཅད་དང་ཕྱོགས་གཅིག་ལ་ཡོད་པར་གྲུབ་བོ།། ཞེས་གསུངས་པ་འདི་ཡིན་པར་མངོན་ནོ།།
གང་ལྟར་རྩ་བར། རྗེས་དཔག་བྱ་དང་ཞེས་པ་དང༌། འགྲེལ་བར་རྗེས་ལ་ཞེས་པས་རྗེས་སུ་དཔག་པར་བྱ་བའི་གཞི་ཤེས་འདོད་ཆོས་ཅན་དང༌། དེ་མཚུངས་ལ་ཞེས་པ་དང༌། དེའི་རིགས་དང་མཐུན་པ་ལ་ཞེས་པས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཞེས་བསྟན་ལ། དེ་ཡང་གང་ལ་ཚུལ་གསུམ་གྲུབ་པའི་གང་ཟག་དེས་རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དང་མཐུན་ཕྱོགས་ལ་མངོན་སུམ་གྱིས་གྲུབ་པའམ་རྗེས་སུ་དཔག་པས་མཐོང་བ་སྟེ་གྲུབ་པ་ཅི་རིགས་ཡོད་ཅིང༌། དེ་ཡང་གང་ཤེས་འདོད་ཆོས་ཅན་བཟུང་བ་དེའི་སྟེང་དུ་གང་རྟགས་སུ་བཀོད་པ་དེ་སྤྱིའི་ཚུལ་གྱིས་ཏེ་སྤྱི་ལྡོག་གིས་ཁྱད་པར་དུ་བྱས་པའི་ཕྱོགས་ཐམས་ཅད་ལ་འགོད་ཚུལ་དང་མཐུན་པར་གྲུབ་དགོས་ཤིང༌། མཐུན་ཕྱོགས་ལ་ཡང་དེའི་ཕྱོགས་གཅིག་ལ་ཡོད་པར་གྲུབ་པ་ཞིག་ངེས་པར་དགོས་ཞེས་བསྟན་པར་སྣང་ངོ༌།།
དེ་ལ་འདིར་སྤྱི་ཡི་ཚུལ་གྱིས་ཞེས་པའི་དོན་ནི་འདི་ལྟར་སྙམ་སྟེ། དཔེར་ན། སྒྲ་བྱས་པ་ངེས་པ་ན་དེ་དང་མ་བྱས་པའི་གཞི་མཐུན་མེད་པར་ངེས་དགོས་པས་སྒྲ་ལ་བྱས་པས་ཁྱབ་པར་ངེས་དགོས་ཚུལ་གོང་དུ་བཤད་ཟིན་ལྟར་ལ། དེས་ན་སྒྲ་ཐམས་ཅད་མ་རྟོགས་ཤིང་སྒྲ་བྱེ་བྲག་པ་རེ་རེ་བཞིན་བྱས་པ་ཡིན་པར་མ་ངེས་ཀྱང༌། སྒྲ་ལ་སྤྱི་ཡི་ཚུལ་གྱིས་ཏེ་རང་ལྡོག་གི་ཚུལ་གྱིས་སྒྲའི་ཕྱོགས་སམ་རིགས་ཐམས་ཅད་དམ་སྒྲ་ཡིན་པ་ཐམས་ཅད་ལ་བྱས་པས་ཁྱབ་པར་རྟོགས་པར་འདོད་དགོས་པས་དེ་འདྲ་ལ་གོ་དགོས་པ་ཨེ་ཡིན་སྙམ་སྟེ་དཔྱད་དོ།།
གལ་ཏེ་སྒྲ་ལ་བྱས་པས་ཁྱབ་པ་ངེས་ན་སྒྲ་རེ་རེ་བཞིན་དུ་བྱས་པར་ངེས་དགོས་ན། དུང་སྒྲ་བྱས་པར་ངེས་ན་ཆུ་སྒྲ་སོགས་ཀྱང་བྱས་པར་ངེས་དགོས་པར་ཐལ། དུང་སྒྲ་བྱས་པར་ངེས་ན་སྒྲ་བྱས་པར་ངེས་དགོས་པས་སྒྲ་ལ་བྱས་པས་ཁྱབ་པའང་ངེས་དགོས་པའི་ཕྱིར། དེར་འདོད་ན། དུང་སྒྲ་མི་རྟག་པར་རྟོགས་ན་ཆུ་སྒྲ་སོགས་ཀྱང་མི་རྟག་པར་རྟོགས་དགོས་པར་ཐལ་ཏེ། སྒྲ་ལ་མི་རྟག་པས་ཁྱབ་པ་རྟོགས་དགོས་ཚུལ་གོང་ལྟར་མཚུངས་སོ་སྙམ་ལ། ལར་ནས་ཁྱབ་པ་རྟོགས་ཚུལ་འདི་ཤིན་ཏུ་ནས་འཇོག་དཀའ་བར་སྣང་བས་ལེགས་པར་དཔྱད་དགོས་སོ་སྙམ་མོ།།
འོ་ན། རྟག་པའི་རྟགས་ཀྱིས་ཤེས་བྱ་བདག་མེད་པར་སྒྲུབ་པ་སོགས་ལ་དེའི་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ཡང་ཤེས་བྱའི་རང་ལྡོག་གི་ཁྱད་པར་དུ་བྱས་པའི་བྱེ་བྲག་ཐམས་ཅད་ལ་རྟག་པས་ཁྱབ་པར་ངེས་པ་ལ་སྦྱར་ན་འགྲིགས་པར་སྣང་ཞིང༌། དེ་བཞིན་དུ་ཤེས་བྱ་རང་ལྡོག་གི་ཆ་དེ་རྟག་པར་ངེས་པ་ན་དེ་རྟག་པ་མ་ཡིན་པས་སྟོང་བར་ངེས་པ་དང༌། ཤེས་བྱ་རང་ལྡོག་གི་ཆ་དེ་ལ་དེ་མེད་པ་དང་དེ་དང་གཞི་མཐུན་མེད་པ་བཅས་ངེས་མཉམ་བཞི་སོགས་སྦྱར་ནའང་འགྲིགས་པར་སྣང་ལ། འོན་ཀྱང་ཤེས་བྱ་དེ་རྟག་མི་རྟག་གཉིས་ཀ་ལ་ཡོད་པར་བརྗོད་པ་ནི་གཞི་ལྡོག་ནས་བཞག་པ་ཡིན་པར་མངོན་པས་གོ་ཚུལ་གཉིས་ཡོད་པར་སྣང་ངོ༌།།
ཡང་གལ་ཏེ་གཞི་དེ་ཆོས་དེའི་སྟོང་པར་ངེས་པ་ལ་ངེས་མཉམ་བཞི་ག་ངེས་པར་དགོས་ན། མཚོན་བྱ་ལ་མཚན་ཉིད་མེད་པ་དང༌། རྟ་ལ་མགོ་མེད་པར་འདོད་དགོས་པར་འགྱུར་རོ་ཞེ་ན། མཚན་ཉིད་ཀྱི་རྟགས་ཀྱིས་མཉན་བྱ་མཚོན་བྱ་མ་ཡིན་པ་དང༌། མགོའི་རྟགས་ཀྱིས་རྟའི་མགོ་རྟ་མ་ཡིན་པར་བསྒྲུབ་པ་ལྟ་བུ་སོགས་ཀྱི་རྗེས་ཁྱབ་གྲུབ་པ་ལ་དགག་བྱའི་ཆོས་ལ་རྟགས་འགོག་དགོས་པས་དེ་དག་ལའང་དེ་ལྟར་མེད་པར་འདོད་དགོས་པར་སྣང་ལ། དེ་ཡང་གོང་དུ་བཤད་ཟིན་ལྟར་འདིའི་སྐབས་ཀྱི་ལ་སྒྲ་ནི་དེ་ཉིད་ལ་འཇུག་པའི་དབང་དུ་བྱས་པ་ཡིན་པས་མཚོན་བྱའི་མཚན་ཉིད་ཡོད་ཀྱང་མཚོན་བྱ་ལ་མཚན་ཉིད་མེད་ཚུལ་གསུངས་ལ། རྟའི་མགོ་ཡོད་ཀྱང་རྟ་ལ་མགོ་མེད་པར་འདོད་དགོས་ཚུལ་ཡང་དེ་ལྟར་དང༌། འོན་ཀྱང་འཇིག་རྟེན་ན་རྟ་ལ་མགོ་ཡོད་པར་གྲགས་པའི་ལ་སྒྲ་ནི་རྟེན་གནས་ལ་འཇུག་པའི་ཁྱད་པར་ཡོད་པར་ཡང་སྣང་ངོ༌།།
འོ་ན་རྣམ་བཤད་ཐར་ལམ་གསལ་བྱེད་ལས། བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ངེས་པ་ལ་ཚད་མ་གསུམ་དགོས་ཀྱི་དེ་ལས་མང་བ་མི་དགོས་ཏེ་ཞེས་སོགས་ཀྱི་དོན་ཇི་ལྟར་ཡིན་ཞེ་ན། དང་པོ་ནི། དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་དགོངས་པ་ཡིན་ཏེ། འོག་ཏུ་བྱས་པ་མི་རྟག་པ་ལ་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་ཅེས་པ་ནས་སྔར་རྗེས་ཁྱབ་གྲུབ་པ་ལ་ཚད་མ་གསུམ་དགོས་པར་བཤད་པའི་ཐ་མའོ།། ཞེས་སོགས་གསུངས་པ་ལས་ལེགས་པར་གོའོ།།
ཡང་དེར་དེ་ནི་སྔོ་སེར་དངོས་འགལ་ངེས་པའི་ཚད་མ་མེད་པའི་ཉེས་པའོ་ཞེས་པའི་དོན་ལ་བཞེད་ཚུལ་འདྲ་མིན་སྣང་ཡང༌། རང་བློར་འཆར་ཚུལ་ནི་འདི་ལྟར་ཏེ། སུ་ཞིག་གི་ངོར་རྟག་མི་རྟག་གཉིས་འགལ་ཚུལ་དེ་སྔོ་སེར་གཉིས་འགལ་ཚུལ་ལྟ་བུ་ཙམ་ལས་དངོས་འགལ་མ་ཡིན་ན། སུའི་ངོར་ཡང་སྔོ་སེར་གཉིས་དངོས་འགལ་མ་ཡིན་པས་གཞི་དེ་སྔོན་པོ་ཡིན་པ་ཁེགས་པ་ཙམ་གྱིས་སེར་པོ་ཁོ་ན་ཡིན་མི་དགོས་པར་གཉིས་མ་ཡིན་གྱི་ཕུང་གསུམ་ལུས་པ་དེ་ནི་དེ་གཉིས་དངོས་འགལ་ངེས་པའི་ཚད་མ་མེད་པའི་ཉེས་པ་སྟེ་དེའི་དབང་གིས་ཡིན་པ་ལྟར། རྟག་མི་རྟག་གཉིས་ཀྱང་དེ་ལྟར་དུ་འགྱུར་ཞིང༌། དེ་ཡང་རྩ་བར། དེས་ན་ངོ་ཚའི་ལྟ་བ་འདི།། སྤོང་ལ་དེ་ནི་རྟག་པར་སྨྲོས།། ཞེས་པར་རྣམ་བཤད་ལས། གནས་མ་བུ་པ་ཆོས་ཅན། དངོས་འགལ་ལ་ཕུང་གསུམ་ཁས་ལེན་པའི་ངོ་ཚའི་ལྟ་བ་འདི་སྤངས་ལ་གང་ཟག་དེ་ནི་རྟག་པར་སྨོས་ཏེ་སྨྲ་རིགས་པར་ཐལ། དེ་ནི་འཇིག་པ་མེད་པའི་དངོས་པོ་ཡིན་པ་དེས་ནའི་ཕྱིར་རོ།། ཞེས་གསུངས་པ་ལྟར་གནས་མ་བུ་པའི་བསམ་ཚོད་ལྟར་རྟག་མི་རྟག་གང་ཡང་མིན་པའི་གཉིས་མིན་གྱི་མུ་ཞིག་ཡོད་པར་དྭོགས་པ་མི་ཆོད་པ་ཡིན་པར་སྣང་ལ། དེ་བཞིན་དུ་ཡོད་མིན་མེད་མིན་གྱི་ལྟ་བ་དེའང་དངོས་འགལ་གྱི་རྣམ་གཞག་ཁས་མ་བླངས་པའི་གནད་ལ་ཐུག་པར་གསུངས་པའང་ཚུལ་འདི་ལ་བརྟེན་ནས་གོ་བར་ནུས་སོ་སྙམ་མོ།།
ཡང་རྣམ་བཤད་ལས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། དེ་ལ་སྔར་བཤད་པའི་འབྲེལ་བའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ།། ཞེས་གསུངས་པ་དེ་ཡང་གང་ལ་རྗེས་ཁྱབ་ལྡོག་ཁྱབ་གྲུབ་པའི་གང་ཟག་དེ་ལ་དེ་ལྟ་བུ་ཞིག་དགོས་ཞེས་བསྟན་པ་ཙམ་ཡིན་གྱི། དེ་འདྲ་ཙམ་ནི་དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་དུ་སོང་བའི་རྒོལ་བ་ལའང་གྲུབ་པ་ཡོད་པར་སྣང་བས་དེས་རྗེས་ཁྱབ་ལྡོག་ཁྱབ་གྲུབ་ཚུལ་རྫོགས་པར་བསྟན་པ་མིན་ནོ།།
དེ་གཉིས་རྫོགས་པར་གྲུབ་ཚུལ་ཞིབ་པ་ནི་འོག་ཏུ། འཐད་པའི་ཕྱོགས་རྣམ་པར་བཞག་པའི་སྐབས་སུ། སྔར་བཤད་པ་ལྟར་ཁྱབ་པ་གཉིས་གཅིག་དངོས་སུ་ངེས་པའི་ཤུགས་ལ་ངེས་པར་བྱེད་པས་ཕན་ཚུན་མི་འཁྲུལ་བ་གཞུང་གི་དོན་ཏེ་ཞེས་དང༌། དེ་ཙམ་གྱིས་སྒྲུབ་ངག་གིས་དངོས་སུ་བསྟན་པའི་ཁྱབ་པ་རྫོགས་པ་མིན་ཏེ་ཞེས་དང༌། རྟགས་ཀྱི་མཚན་གཞི་མ་བརྗོད་པར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྫོགས་པར་བརྗོད་པ་མི་སྲིད་དོ་ཞེས་དང༌། ཚད་མའི་འཇུག་ཚུལ་དང་སྒྲའི་བརྗོད་ཚུལ་མི་འདྲ་སྟེ། སྒྲས་ནི་བྱས་པ་དངོས་སུ་བརྗོད་ནས་རྟག་པ་ལ་དེ་མེད་པར་བརྗོད་པ་ཉིད་ཀྱིས་དེ་ཉིད་རྟག་པ་ལ་མེད་པར་གོ་བར་བྱེད་དོ་ཞེས་སོགས་གསུངས་པ་ལས་ལེགས་པར་གོ་བར་ནུས་སོ།།
དེ་ཡང་དཔེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་རྟགས་སྦྱོར་བཀོད་དེ་རྩོད་གཞི་དང་མཐུན་དཔེ་དང་མི་མཐུན་དཔེ་མ་བཟུང་བའི་སྔོན་ནས་སྒྲ་བྱས་པ་དང༌། བྱས་ན་མི་རྟག་པས་ཁྱབ་པ་དང་རྟག་ན་མ་བྱས་པས་ཁྱབ་པ་རྣམས་རིམ་བཞིན་དེ་དག་སོ་སོའི་སྟེང་དུ་ཚད་མས་གྲུབ་ཟིན་པ་ཞིག་ལ་རྟགས་སྦྱོར་རྣམ་དག་ཏུ་འགྲོ་ཡི། དེ་ལས་གཞན་ལ་ནི་དེ་ལྟར་འགྲོ་བ་མེད་དེ། དཔེར་ན། རྟག་པའི་རྟགས་ཀྱིས་སྒྲ་མ་བྱས་པར་སྒྲུབ་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་བཀོད་པ་ལ་སྔོན་དུ་ངེས་པར་སྒྲ་བྱས་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ཚད་མས་གྲུབ་ཅིང་སྒྲ་རྟག་པར་ཁས་ལེན་པ་གསུམ་ག་ཚང་བ་ཞིག་ལ་འགོད་དགོས་པ་དང་མཚུངས་སོ།།
དེས་ན་དེ་འདྲ་བའི་རྟགས་སྦྱོར་རྣམ་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ།། ཞེས་མཐུན་སྦྱོར་དང༌། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་སྒྲ་ནི་བྱས་སོ།། ཞེས་མི་མཐུན་སྦྱོར་གཉིས་ལས་དངོས་སུ་གང་བཀོད་པའི་ཚེ་རྒོལ་བ་དེའི་ངོར་དེ་སྒྲུབ་ཀྱི་དཔེ་གཉིས་དང༌། རྟགས་ཆོས་དོན་གསུམ་བསྒྲིགས་ཤིང་བཀོད་པ་ལས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་གང་ཡིན་ལྟར་ངེས་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱང་སོ་སོར་ངེས་ཤིང༌། དེ་ནས་སྒྲུབ་ངག་གི་དོན་ལ་མནོ་བསམ་གྱིས་སྒྲ་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་ཏེ་སྔོན་དུ་སྒྲ་དང་དཔེ་གཉིས་སོ་སོ་དང་སྦྱར་ཏེ་མཚུངས་མིན་རྟོག་ཅིང་དཔྱད་པ་ན་དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོར་སོང་བའི་གང་ཟག་གིས་བྱས་པ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པས་ཕྱོགས་ཆོས་གྲུབ་པ་དང༌། དཔེ་གཉིས་ཀྱང་སོ་སོ་ཡང་དག་ཏུ་སོང་སྟེ་རྟགས་ཚུལ་གཉིས་པ་དང་གསུམ་པར་སོང་བའི་གང་ཟག་ཏུ་གྱུར་པ་ན་སྔོན་དུ་སྒྲུབ་ངག་གིས་སྒྲ་ཡང་བྱས་ཞེས་པ་དང༌། སྒྲ་ནི་བྱས་ཞེས་རྟགས་ཀྱི་མཚན་གཞི་བརྗོད་པ་ལྟར་སླར་ཡང་རྟགས་ཀྱི་མཚན་གཞི་བྱས་པ་གཞིར་བཟུང་བ་སྟེ་བྱས་པ་དེ་ཉིད་སྒྲ་མི་རྟག་པ་ཡིན་པའི་རྟགས་སུ་བཟུང་ནས་ཁྱད་གཞི་བྱས་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་དང༌། བྱས་ན་རྟག་པ་མ་ཡིན་པས་ཁྱབ་པའམ་རྟག་ན་མ་བྱས་པས་ཁྱབ་པ་དངོས་ཤུགས་ལ་ངེས་ཏེ་བྱས་པ་དེ་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་མི་ཕྱོགས་ལ་མེད་པ་ཉིད་དུ་དངོས་ཤུགས་ལ་ངེས་པ་ན་རྗེས་ཁྱབ་ལྡོག་ཁྱབ་གསར་དུ་གྲུབ་པ་ཡིན་པར་སྣང་ངོ༌།།
དེ་ལ་གཞུང་དུ་ཕྱོགས་ཆོས་མ་བརྗོད་གོང་གི་དཔེ་གཉིས་ལ་དངོས་སུ་བསྟན་པ་ནི། འབྲེལ་བའི་རང་ལྡོག་སྟེ་བྱས་པ་རང་གྲུབ་ཙམ་ནས་མི་རྟག་པ་དེ་ཉིད་རང་ཆས་སུ་འབྲེལ་བའམ་བྱས་ན་མི་རྟག་པས་ཁྱབ་པ་དང༌། དོན་ལྡོག་གི་ཕྱོགས་གཅིག་སྟེ་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པའམ་རྟག་ན་མ་བྱས་པས་ཁྱབ་པ་ནི་རྗེས་ཁྱབ་ལྡོག་ཁྱབ་རྫོགས་པར་ངེས་པའི་རྒྱུར་བསྟན་པ་ཡིན་ཚུལ་གསུངས་པ་ལྟར། ཁྱབ་པ་དེ་གཉིས་ངེས་པ་ལ་སྔོན་དུ་དཔེ་གཉིས་ལ་འབྲེལ་བའི་རང་ལྡོག་དང་དོན་ལྡོག་གི་ཕྱོགས་གཅིག་དེ་ཉིད་ངེས་དགོས་པར་གསལ་བས། རྗེས་ཁྱབ་ངེས་པ་སྟེ་གྲུབ་པ་ལ་དགག་བྱའི་ཆོས་ལ་རྟགས་འགོག་པ་སྔོན་དུ་འགྲོ་དགོས་ཚུལ་གསུངས་པ་དེ་ཡང་དཔྱོད་ལྡན་སོ་སོ་ལ་ལྟོས་པའི་ལྐོག་གྱུར་ལ་དཔྱོད་པའི་ཚེ་དཔེ་གཉིས་ཀའི་སྒོ་ནས་བརྟག་དགོས་པས། ཚུལ་ཕྱི་མ་གཉིས་གང་དངོས་སུ་གྲུབ་ཀྱང་སྔོན་དུ་དཔེ་གཉིས་ཀ་ཡང་དག་སོང་དགོས་ཚུལ་གོང་དུ་སྨྲས་ཟིན་ལྟར། དཔེ་གཉིས་ཀའི་སྟེང་དུ་དགག་བྱའི་ཆོས་ལ་རྟགས་དེ་འགོག་པ་སྔོན་དུ་འགྲོ་དགོས་པའི་གནད་ཀྱིས་ཡིན་པར་སྣང་ངོ༌།།
དེས་ན་གོང་དུ་མི་རྟག་པ་ལོག་པའི་སྟོབས་ཀྱིས་བྱས་པ་ལྡོག་པའི་ཚུལ་ནི་མི་རྟག་པ་ལོག་པའི་གཞི་ལ་བྱས་པ་འགོག་པའི་གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་བསྒྲུབ་པ་ཡིན་ཏེ་ཞེས་གསུངས་པར། མི་རྟག་པ་ལོག་པའི་གཞི་ལ་ཞེས་གསལ་བའི་གཞི་དེ་ཡང་ཁྱད་གཞི་ནམ་མཁའ་ལྟ་བུའི་སྟེང་དུ་ཡང་གནོད་པ་ཅན་གྱི་རྟགས་ཡང་དག་དགོད་རྒྱུ་ཡོད་པར་སྣང་ཞིང༌། བུམ་པའི་སྟེང་དུའང་འབྲེལ་བའི་རང་ལྡོག་གྲུབ་པ་ན་དོན་ལྡོག་གི་ཕྱོགས་གཅིག་དེའང་གྲུབ་པར་འདོད་དགོས་པས་དེའི་སྟེང་དུ་རྟག་པ་ལ་བྱས་པ་མེད་པ་དང་རྟག་ན་མ་བྱས་པས་ཁྱབ་པའང་རྟོགས་པར་འདོད་དགོས་ཚུལ་སྔར་བཤད་ཟིན་པ་ལྟར་རོ།།
དེར་མ་ཟད་ལུང་འགལ་ལྔ་པའི་སྐབས་སུ་གཏན་ཚིགས་མར་མེ་བཞིན་དུ་རུང་བ་ཙམ་གྱིས་གོ་བྱེད་དུ་མི་འགྱུར་བར་དཔེ་ལ་འབྲེལ་བ་ངེས་པ་ལ་ལྟོས་དགོས་ཚུལ་གསལ་བ་དེས་ཀྱང་འདི་ལ་ངེས་པ་སྟེར་བར་སྣང་ལ། དེ་བཞིན་དུ་བྱས་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་གཉིས་གྲུབ་པ་ལ་དཔེ་གཉིས་ཀྱི་སྟེང་དུ་རྟག་པ་ལ་བྱས་པ་མེད་པ་དང་བྱས་པ་རྟག་པ་ལ་མེད་པར་ངེས་པ་ནི་དངོས་ཤུགས་ཙམ་ལས་ཁྱད་པར་མེད་པས། དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་རྟག་པ་ལ་བྱས་པ་འགོག་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་དང༌། བྱས་པ་ལ་རྟག་པ་འགོག་པ་སྔོན་དུ་འགྲོ་དགོས་པར་གསུངས་པའི་གཞུང་གཉིས་བྱུང་བ་དེའང༌། དེ་གཉིས་ཕན་ཚུན་མཚོན་ཏེ་གོ་ཐུབ་པའི་དབང་དུ་བྱས་པ་ལ་དགོངས་པར་སྣང་བས། གོང་དུ་ཚད་མ་གསུམ་ལས་མང་བ་མི་དགོས་ཚུལ་གསུངས་པས་ཀྱང་མི་གནོད་དོ་སྙམ་མོ།།
ཡང་གོང་དུ་ཚད་མའི་འཇུག་ཚུལ་དང་ཞེས་སོགས་ཀྱི་དོན་ལ་བཞེད་ཚུལ་འདྲ་མིན་སྣང་ཡང་རང་བློར་འཆར་ཚུལ་ནི། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དེས་སྒྲ་ནི་བྱས་ཞེས་བརྗོད་པའི་སྒྲའམ་ངག་དེས་ཁྱད་གཞི་བྱས་པའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་བརྗོད་པས་དེའི་སྟེང་དུ་རྟག་པ་ལ་བྱས་པ་མེད་པར་བརྗོད་པ་དེ་ཉིད་ཀྱིས། ལྡོག་ཁྱབ་དངོས་སུ་ངེས་པའི་ཚད་མ་དེས་བྱས་པ་དེ་ཉིད་རྟག་པ་ལ་སྟེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་གོ་བར་བྱེད་དོ་ཞེས་བསྟན་པར་སྣང་ལ། དེ་ལྟར་བྱས་ན་འོག་ཏུ་རང་ལུགས་ཀྱི་སྒྲུབ་ངག་བརྗོད་པའི་དགོས་པ་བཤད་པར། དེས་ན་རྟགས་ཡང་དག་མ་ངེས་པ་ཡིན་པ་འགོག་པ་ལ། དགག་བྱའི་ཆོས་ལ་རྟགས་དགག་དགོས་པས་དེ་ཉིད་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་ཚད་མའི་ཡུལ་དུ་སྟོན་པར་བྱེད་པ་ཡིན་ནོ།། ཞེས་གསུངས་པའི་དོན་དང་ཡང་མཐུན་པར་གོ་ཚུལ་ཞིག་ཡོད་པར་སྣང་ངོ༌།།
དེ་ཡང་སྔར་བཤད་པ་ལྟར་སྒྲ་བྱས་པ་དང་བྱས་ན་མི་རྟག་པས་ཁྱབ་པ་དང་རྟག་ན་མ་བྱས་པས་ཁྱབ་པ་གྲུབ་ཟིན་ཀྱང་དེ་སྐོར་གྱི་ཚུལ་གསུམ་མ་གྲུབ་པའི་གང་ཟག་དེ་ལ། དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་མཐར་རྟགས་ཀྱི་མཚན་གཞི་བྱས་པ་བརྗོད་ཅིང་དེའི་སྟེང་དུ་དགག་བྱའི་ཆོས་རྟག་པ་ལ་བྱས་པ་འགོག་པ་སྟེ་རྟག་ན་མ་བྱས་པས་ཁྱབ་པ་བརྗོད་པ་ལ་བརྟེན་ནས། གང་ཟག་དེས་བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པས་ལྡོག་ཁྱབ་གསར་དུ་གྲུབ་པའི་ཚད་མའི་ཡུལ་དུ་སྟོན་པར་བྱེད་པ་ཡིན་པར་བསྟན་པ་ཡིན་ནོ་སྙམ་ལ། དེའི་ཚེ་མེད་པ་དེ་གོ་བའི་རིགས་པ་ཡང་དག་འབྲེལ་བ་དེ་བརྗོད་པའི་ཕྱིར་ཞེས་པའི་དོན་ཡང་འདིས་གོ་ནུས་སོ་སྙམ་མོ།།
གཞན་ཡང་གོང་དུ་རྣམ་བཤད་ལས། གལ་ཏེ་རྟག་པ་བྱས་སྟོང་དུ་ངེས་ན་བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་མ་ངེས་པ་འགལ་བས་ཞེས་སྨྲ་བའི་ཕྱོགས་སྔ་འདི་ཡི་བསམ་ཚོད་དེ་གང་ཡིན་སྙམ་ན། དེ་ཡང་རྟག་པ་བྱས་སྟོང་དུ་ངེས་ན་རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་དགོས། དེ་ངེས་ན་རྟག་པ་བྱས་པ་ལ་མེད་པའང་ངེས་དགོས་ཏེ། རྟག་པ་བྱས་པ་ལ་ཡོད་པར་འཛིན་པའི་ཞེན་ཡུལ་མེད་པར་ངེས་དགོས་པའི་ཕྱིར། དེ་ངེས་ན་བྱས་པ་རྟག་པ་ལ་མེད་པའང་བློ་ཁ་ཕྱོགས་ཙམ་གྱིས་ངེས་ཏེ། བྱས་པ་རྟག་པ་ལ་མེད་པར་ངེས་ན་དེ་རྟག་པ་དང་གཞི་མཐུན་མེད་པར་ངེས་དགོས་ལ། དེ་ངེས་ན་བྱས་ན་མི་རྟག་པས་ཁྱབ་པའང་ངེས་པས་དེ་མི་རྟག་པ་ཁོ་ན་ལ་འཇུག་པར་ངེས་པར་འགྱུར་རོ་བསམ་པ་ཨེ་ཡིན་སྙམ་སྟེ། དེ་ཡང་དཔེར་ན་སོལ་བ་ལ་དཀར་པོ་མེད་པར་ངེས་ན༌། དཀར་པོ་ལ་སོལ་བ་མེད་པའང་བློ་ཁ་ཕྱོགས་ཙམ་གྱིས་ངེས་ནུས་པའི་ཕྱིར་དང་། དེར་མ་ཟད་རྣམ་བཤད་སྙིང་པོའི་རྒྱན་དུ། གཟུང་དོན་རྟོག་པ་སྤངས་ཕྱིར་དང་།། འཛིན་པ་མི་སྤངས་ཕྱིར་དང་ནི།། ཞེས་པའི་སྐབས་སུ་གཞན་གྱི་འདོད་ཚུལ་འགོག་པ་ལ། སུ་དབང་པོ་རྟུལ་ཡང་། གཟུགས་དབང་ཤེས་ལས་རྫས་ཐ་དད་ཡིན་པ་ཁེགས་ནས་དབང་ཤེས་གཟུགས་ལས་རྫས་ཐ་དད་མི་ཁེགས་པ་མི་སྲིད་པའི་ཕྱིར་རོ།། ཞེས་གསུངས་པ་ལྟར་དུ་དྭོགས་པ་བྱུང་བ་མིན་ནམ་སྙམ་མོ།།
དེ་ལྟར་མིན་ན་འདིའི་བསམ་ཚོད་ཇི་ལྟར་ཡིན་དཔྱད་དགོས་པར་སྣང་ལ། འདི་འགོག་པར་རིམ་དང་ཅིག་ཅར་བའི་དོན་བྱེད་པས་སྟོང་བ་དེ་བྱས་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པར་ཐལ་ལོ་ཞེས་བརྗོད་པ་ལ། ཆོས་གང་ཞིག་སྐད་ཅིག་མ་མ་ཡིན་པས་སྟོང་བ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་མི་འདྲ་སྟེ། སྔ་མ་གཉིས་ནི་ཁྱད་གཞི་འགལ་བ་སོ་སོ་བ་ཡིན་ལ། འདི་ནི་ཁྱད་གཞི་སྒྲ་གཅིག་པུའི་སྟེང་དུ་དེ་ལྟར་དངོས་ཤུགས་ཀྱི་རྟོགས་བྱ་རྟོགས་བྱེད་དང་བསྒྲུབ་བྱ་སྒྲུབ་བྱེད་ལ་འཇོག་ན་འགྲིགས་པར་སྣང་ལ། དེ་ལ་གོང་དུ་གནོད་བྱེད་བརྗོད་ཚུལ་དེ་ལྟར་ལགས་ཀྱང་། དེས་ཕྱོགས་སྔའི་དྭོགས་པ་དངོས་དེ་སེལ་ཚུལ་ཇི་ལྟར་ཡིན་མི་གསལ་བས་ད་དུང་དཔྱད་དགོས་སོ་སྙམ་མོ།།
རྗེས་ཁྱབ་ངེས་པའི་ཚད་མས་བསྒྲུབ་བྱ་ལ་སྒྲོ་འདོགས་ཆོད་པར་འགྱུར་རོ་ཞེ་ན། འདོད་པ་ཁོ་ནའོ། ཞེས་པའི་རྩོད་ལན་ལ་འགྲེལ་ཚུལ་འདྲ་མིན་འདུག་པས་ཇི་ལྟར་ཡིན་སྙམ་ན། འདིའི་ཕྱོགས་སྔས་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚེ་བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་མ་ངེས་པར་བྱས་ན་མི་རྟག་པས་ཁྱབ་པ་ངེས་ཚུལ་མེད་ལ། གཞི་མཐུན་མེད་པར་ངེས་ན་དེས་བྱས་པ་འགའ་ཞིག་ལ་རྟག་པ་ཡོད་པའི་དྭོགས་པ་མེད་པར་འགྱུར་ལ། དེས་ན་བྱས་པ་མི་རྟག་པར་ངེས་ན་སྒྲའི་བྱས་པ་དང་བུམ་པའི་བྱས་པ་སོགས་ཀྱང་མི་རྟག་པར་ངེས་པར་འགྱུར་རོ་ཞེས་ཟེར་བ་ལ། འདི་ལ་ལན་འདེབས་ཚུལ་གཉིས་སྣང་སྟེ། དང་པོ་ནི་ཉེས་པ་དེ་ལྟར་འགྱུར་ན་བརྟགས་པ་མཐའ་བཟུང་གིས་ལན་འདི་ལྟར་འདེབས་དགོས་ཚུལ་གསུངས་ཏེ། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་དེས་སྒྲའི་བྱས་པ་སོགས་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པས་བྱས་ན་མི་རྟག་པས་ཁྱབ་པ་ལ་ཐེ་ཚོམ་མེད་ཅིང་། བྱས་པའི་རྟགས་ཀྱི་སྒྲའི་བྱས་པ་ལྟ་བུ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་ངེས་པའི་བློ་ཡིས་བསྒྲུབ་བྱ་ལ་སྒྲོ་འདོགས་ཆོད་པར་འགྱུར་རོ་ཞེ་ན། འདོད་པ་ཁོ་ན་འོ་ཞེས་སྨྲ་དགོས་ཚུལ་གསུངས་པ་ཡིན་པར་སྣང་ངོ་།།
ཡང་མཁས་དབང་ལ་ལས་ནི། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚེ། གོང་དུ་ཕྱོགས་ཆོས་ཀྱི་སྐབས་སུ་རང་འགྲེལ་ལས། སྤྱིའི་ཚུལ་གྱིས་ཕྱོགས་ཐམས་ཅད་དམ་ཕྱོགས་གཅིག་ལ་ཡོད་པར་གྲུབ་བོ། ཞེས་གསུངས་པ་ལྟར་གཞི་གང་གི་སྟེང་དུ་སྤྱིའི་ཚུལ་གྱིས་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་དེས་བྱས་པའི་རིགས་ཐམས་ཅད་ལ་རིགས་བསྒྲེས་སྦྱར་ཐུབ་པས། རེ་རེ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་ཀྱང་བྱས་ན་མི་རྟག་པས་ཁྱབ་པ་ལ་དྭོགས་པ་གཏན་ནས་མེད་པ་ཡིན་པར་གསུངས་སོ།།
དེས་ན་རྗེས་ཁྱབ་ངེས་པའི་བློ་དེས་བསྒྲུབ་བྱ་ལ་སྒྲོ་འདོགས་མ་ཆོད་ཚུལ་ནི། རྩ་ཤེ་ཊིཀ་ཆེན་ལས། འདི་དཔེར་བརྗོད་ན་སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་ངེས་པའི་ཚད་མ་སྐྱེས་པ་ན་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མི་ལྟོས་པར་དེ་ཡི་མཐུ་ལ་བརྟེན་ནས། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་སྐྱེད་ནུས་ཀྱང་སྒྲ་མི་རྟག་པ་ཚད་མ་སྔ་མའི་ཤུགས་ལ་གྲུབ་པ་དང་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཚད་མ་སྔ་མས་བཅད་པ་མིན་པ་བཞིན་ནོ།། ཞེས་དང་། རྣམ་བཤད་སྙིང་པོའི་རྒྱན་ལས་ཀྱང་། རིགས་པའི་རྣམ་གཞག་མ་བྱང་བ་ཁ་ཅིག ཡོད་ན་གཅིག་དང་དུ་མ་གང་རུང་དུ་ངེས་པ་དེས། བདེན་པར་ཡོད་ན་བདེན་པའི་གཅིག་དང་དུ་མ་གང་རུང་གིས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་པ་ཡིན་ནོ་ཞེས་ཟེར་ཏོ།། དེ་ལྟ་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས། སྒྲ་བྱས་ན་སྒྲ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་དགོས་པས། རྟགས་དེ་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་གཅོད་པར་འགྱུར་རོ།། ཞེས་གསུངས་པས་ཀྱང་ལེགས་པར་གོ་ཚུལ་གསུངས་སོ།།
ཡང་རྣམ་བཤད་ལས། རྣམ་པ་ཀུན་ཏུ་མཚུངས་པས་ཁྱོད་ཀྱི་ལེགས་པར་ཕྱེ་ཞིག ཅེས་གསུངས་པའི་དོན་གང་ཡིན་སྙམ་ན། དེའི་དོན་ནི་གོང་དུ་ཕྱོགས་སྔ་དེའི་འདོད་ཚུལ་དེ། གནད་བསྡུས་ན་འདི་ལྟར་ཡིན་ནམ་སྙམ་སྟེ། དེ་ཡང་སྤྱིར་བྱས་པ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ན། སྤྱི་བྱས་པའི་ཁྱད་པར་དུ་བྱས་པའི་བྱེ་བྲག་ཐམས་ཅད་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་དགོས་ཀྱང་། བྱས་པ་དེ་སྤྱི་རྟག་པས་སྟོང་བར་ངེས་ན། རྟག་པས་ལྡོག་པའི་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གི་སྟོང་བར་ངེས་མི་དགོས་ཞེས་སྨྲ་བ་ལ། དེ་གཉིས་རྣམ་པ་ཀུན་ཏུ་མཚུངས་པས་ཁྱོད་ཀྱིས་ལེགས་པར་ཕྱེ་ཞིག ཅེས་དགག་པར་མཛད་པ་དང་། དེར་མ་ཟད་ཕྱོགས་སྔ་དེ་ལ། ཤ་པ་སྒུར་སྐྱོག་པོ་ཆོས་ཅན། ཤིང་ཡིན་ཏེ། ཤིང་དུ་གྱུར་པའི་ཤ་པ་ཡིན་པའི་ཕྱིར། ཞེས་པ་རྟགས་ཡང་དག་ཏུ་ཁས་བླངས་པ་ལ་ཉེས་པ་ཅི་ཡོད། ཅེས་དེ་རྟགས་ཡང་དག་ཏུ་ཐལ་བའི་ཉེས་པ་ཡང་གསུངས་སོ།། འདི་ལ་ཕྱོགས་སྔ་དེས་སྤྱིའི་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་ན། སྤྱི་བྱས་པ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའམ་རྟག་པ་མེད་པར་ངེས་ན་དེའི་བྱེ་བྲག་སྒྲའི་བྱས་པ་ལའང་དེ་ལྟར་ངེས་དགོས་པར་ཐལ། རྣམ་པ་ཀུན་ཏུ་མཚུངས་པས་སོ་ཞེས་བརྗོད་ན། དེ་ལ་ལན་ཇི་ལྟར་འདེབས་དགོས་མིན་ཡང་དཔྱད་བྱར་སྣང་ངོ་།།
འོ་ན་གོང་དུ་ཤ་པ་སྒུར་སྐྱོག་པོ་ཤིང་དུ་སྒྲུབ་ཚུལ་དེ་ལྟར་བཀོད་ན་རྟགས་ཡང་དག་མ་ཡིན་ཚུལ་དང་། འདིས་སྤྱི་ཡིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་པར་གོ་ཚུལ་བཅས་ཇི་ལྟར་ཡིན་སྙམ་ན། དེ་ནི་འདི་ལྟར་ཏེ། རྟགས་ཡང་དག་ཡིན་ན་གང་ལ་ཚུལ་གསུམ་གྲུབ་པའི་རྒོལ་བ་དེའི་ངོར་རྟགས་ཆོས་དོན་གསུམ་བསྒྲིགས་ཏེ་བཀོད་པ་ཞིག་དགོས། དེ་ཡང་གཞན་དོན་དང་རང་དོན་སྐབས་ཀྱི་རྟགས་ཡང་དག་གཉིས་ལས་སྔ་མ་ལ་སྒྲ་བློས་ཁྱད་པར་དུ་བྱས་ནས་དང༌། ཕྱི་མ་ལའང་བློས་ཁྱད་པར་དུ་བྱས་ནས་རྟགས་དེ་འགོད་པ་ཞིག་དགོས་ཤིང༌། འགོད་ཚུལ་དེ་ལྟར་དུ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ངེས་པ་ཞིག་ཀྱང་དགོས་པས། ཤིང་དུ་གྱུར་པའི་ཤ་པ་དེ་རྟགས་སུ་བཀོད་ཚུལ་དེ་ལྟར་བྱས་ཏེ་ངེས་ན་ཤ་པ་སྒུར་སྐྱོག་པོ་དེ་ཤིང་དུ་གྱུར་པའི་ཤ་པ་ཡིན་པས་ཁྱད་པར་དུ་བྱས་ནས་ངེས་དགོས། དེ་ངེས་ན་དེ་ཤིང་དང་ཤ་པ་གཉིས་ཀ་ཡིན་པར་ངེས་པར་འདོད་དགོས་པས་རྟགས་དེ་ལྟར་བཀོད་ན་མ་གྲུབ་པའི་གཏན་ཚིགས་སུ་འདོད་པ་ཡིན་གྱི། སྤྱིར་དོན་གྱིས་ཁྱད་པར་དུ་བྱས་ན་གཞི་དེ་ཤིང་དུ་གྱུར་པའི་ཤ་པ་ངེས་པ་ཙམ་གྱིས་གཞི་དེ་ཤིང་དང་ཤ་པའི་གཞི་མཐུན་དུ་ངེས་དགོས་པ་མིན་པར་སྣང་ངོ༌།།
ཚུལ་འདིས་སྤྱིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་པར་གྲུབ་ཚུལ་ནི། འདི་ལྟར་ཏེ། དེ་ཡང་ཤིང་ནི་སྤྱི་དང༌། ཤ་པའི་ཤིང་ནི་ཤིང་གི་ལྡོག་པས་ཁྱད་པར་དུ་བྱས་པའི་བྱེ་བྲག་ཡིན་ཞིང༌། དེ་གཉིས་ཀྱི་ཟློག་ཕྱོགས་ལ་ནི་ཤ་པའི་ཤིང་མ་ཡིན་སྤྱི་དང༌། ཤིང་མ་ཡིན་དེའི་ལྡོག་པས་ཁྱད་པར་དུ་བྱས་པའི་བྱེ་བྲག་ཡིན་ལ། དེས་ན་ཤ་པ་སྒུར་སྐྱོག་པོ་དེ་ཤིང་དང་ཤ་པའི་གཞི་མཐུན་ཡིན་པར་ངེས་ན་དེ་ཤ་པའི་ཤིང་ཡིན་པར་ངེས་དགོས། དེ་ངེས་ན་གཞི་དེ་སྤྱི་ཤ་པའི་ཤིང་མ་ཡིན་གྱི་སྟོང་བར་ངེས་དགོས། དེ་ངེས་ན་དེའི་ལྡོག་པའི་ཁྱད་པར་དུ་བྱས་པའི་བྱེ་བྲག་ཤིང་མ་ཡིན་གྱིས་སྟོང་བར་ངེས་དགོས་པའི་གནད་ཀྱིས་ཡིན་ལ། ཚུལ་འདིས་ནི་སྒྲའི་བྱས་པ་དང་སྒྲའི་མི་རྟག་པར་ངེས་ན་བྱས་པ་དང་མི་རྟག་པར་ངེས་དགོས་ཚུལ་སོགས་ཀྱང་མཚོན་ཚུལ་ཤེས་དགོས་པར་སྣང་ངོ༌།།
དེ་ལྟར་ན་གཞི་དེ་སེང་གེས་སྟོང་བར་ངེས་ན་དེ་རྡོའི་སེང་གེས་སྟོང་བར་ཡང་ངེས་དགོས་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། རྡོའི་སེང་གེ་ཟེར་བ་སོགས་དང༌། གཞན་དོན་རྗེས་དཔག་ཅེས་པ་སོགས་ནི་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ཏེ་དེ་དང་དེའི་མིང་བཏགས་པའི་མིང་གིས་ཁྱད་པར་དུ་བྱས་པ་ཙམ་ཡིན་གྱི་གངས་སེང་དང་འདམ་སེང་ཞེས་པ་སོགས་དང༌། དངོས་སྟོབས་རྗེས་དཔག་དང་གྲགས་པའི་རྗེས་དཔག་ཅེས་པ་ལ་སོགས་པ་ལྟར། དོན་གྱི་ལྡོག་པས་ཁྱད་པར་དུ་བྱས་པ་མིན་པས་དེ་དག་མི་འདྲ་བའི་ཁྱད་པར་དེ་ལྟར་ཡིན་པར་སྣང་ཞིང༌། འདིས་འདིའི་རིགས་གཞན་ཡང་གོ་བར་ནུས་སོ་སྙམ་མོ།།
ཡང་དཔྱད་བྱ་ཞིག་ལ། རྣམ་བཤད་དུ། རྟག་པར་ངེས་ན་མ་བྱས་པར་ངེས་དགོས་ན་བྱས་པར་ངེས་ན་མི་རྟག་པར་ངེས་དགོས་པར་འདོད་ཀྱི་ཞེས་སོགས་ཀྱི་རྩོད་ལན་འགྲོ་ཚུལ། བཤེས་གཉེན་དམ་པའི་གསུང་རྒྱུན་ལས་བྱུང་བ་ཐོས་པ་ཕྱོགས་རེ་དྲན་པ་ཙམ་འདི་འདྲའོ་སྙམ་སྟེ། འདིའི་ཕྱོགས་སྔ་དེས་སྤྱི་ཡིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་ན། གཞི་དེ་ཆོས་དེས་སྟོང་བར་ངེས་ན་ཆོས་དེ་གཞི་དེས་སྟོང་བའང་ངེས་དགོས་པར་འགྱུར་ཏེ། དེ་ཡང་འདི་ལྟར་རྟག་པ་བྱས་སྟོང་ངེས་ན་རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་དགོས་པས་རྟག་པ་བྱས་པ་ལ་མེད་པར་ངེས་པར་འདོད་དགོས་པ་ལྟར། རྟག་པ་བྱས་པའི་ཁྱད་པར་དུ་བྱས་པའི་བྱེ་བྲག་ཀུན་གྱིས་སྟོང་བར་ངེས་ན་རྟག་པ་དེ། དེ་དག་ཀུན་ལའང་མེད་པར་ངེས་པར་འདོད་དགོས་ལ། དེ་འདོད་ན་བྱས་པ་ཀུན་ལ་རྟག་པ་མེད་པར་ཡང་བློ་ཁ་ཕྱོགས་པ་ཙམ་གྱིས་ངེས་པར་འགྱུར་བས། དེས་བྱས་ན་མི་རྟག་པས་ཁྱབ་པར་ཡང་ངེས་པར་འགྱུར་རོ་སྙམ་དུ་དྭོགས་པ་བྱུང་སྟེ་དེ་ལྟར་སྨྲ་བ་ཡིན་ནོ་སྙམ་མོ།།
དེ་ལ་གནོད་བྱེད་དུ། སྤྱི་ཡིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་ཚུལ་གོང་དུ་བསྒྲུབས་ཟིན་པ་ལྟར་ལས་གཞན་དུ་སྨྲ་བར་མི་ནུས་ལ། ཕར་སྟོང་བར་ངེས་ན་ཚུར་སྟོང་བའང་ངེས་དགོས་པར་འདོད་ན་ནི། ནམ་མཁའ་རྟག་པར་ངེས་ན་དེ་མ་བྱས་པའང་ངེས་དགོས་པ་དང༌། སྒྲ་བྱས་པར་ངེས་ན་དེ་མི་རྟག་པའང་ངེས་དགོས་པར་འགྱུར་ཏེ། འདི་ལྟར་ནམ་མཁའ་རྟག་པར་ངེས་ན་དེ་མི་རྟག་པས་སྟོང་བར་ངེས་དགོས་པས་དེ་སྒྲའི་བྱས་པའི་མི་རྟག་པས་སྟོང་བའང་ངེས་དགོས། དེ་ངེས་ན་སྒྲའི་བྱས་པའི་མི་རྟག་པ་དེ་ཁྱད་གཞི་བཟུང་ནས་ནམ་མཁས་སྟོང་པར་ངེས་དགོས། དེ་ངེས་ན་སྒྲའི་བྱས་པ་ཡང་ངེས་དགོས། དེ་ངེས་ན་སྒྲ་བྱས་པ་ཡང་ངེས་དགོས་པས་སྒྲ་དེ་མ་བྱས་པས་སྟོང་བར་ངེས་དགོས། དེ་ངེས་ན་མ་བྱས་པས་ཁྱད་པར་དུ་བྱས་པའི་བྱེ་བྲག་མ་བྱས་པའི་ནམ་མཁས་སྟོང་བའང་ངེས་དགོས། དེ་ངེས་ན་མ་བྱས་པའི་ནམ་མཁའ་ཁྱད་གཞིར་བཟུང་ནས་དེ་སྒྲ་ཡིས་སྟོང་བར་ངེས་དགོས་པས་ནམ་མཁའ་མ་བྱས་པའང་ངེས་དགོས་པར་འགྱུར་རོ།།
དེ་བཞིན་དུ་སྒྲ་བྱས་པ་ངེས་ན་དེ་མི་རྟག་པར་ངེས་དགོས་པར་འགྱུར་ཚུལ་ཡང་ཤེས་པར་བྱ་སྟེ། དེ་ཡང་སྒྲ་བྱས་པ་ངེས་ན་དེ་མ་བྱས་པས་སྟོང་བར་ངེས་དགོས། དེ་ངེས་ན་མ་བྱས་པའི་ནམ་མཁའི་རྟག་པས་སྟོང་བར་ངེས་དགོས། དེ་ངེས་ན་མ་བྱས་པའི་ནམ་མཁའི་རྟག་པ་དེ་སྒྲས་སྟོང་བར་ངེས་དགོས། དེ་ངེས་ན་མ་བྱས་པའི་ནམ་མཁའི་རྟག་པ་ངེས་དགོས་པས། ནམ་མཁའ་རྟག་པ་ཡང་ངེས་དགོས། དེ་ངེས་ན་ནམ་མཁའ་དེ་མི་རྟག་པས་སྟོང་བར་ངེས་དགོས། དེ་ངེས་ན་ནམ་མཁའ་དེ་སྒྲའི་མི་རྟག་པས་སྟོང་བའང་ངེས་དགོས། དེ་ངེས་ན་སྒྲའི་མི་རྟག་པ་ཁྱད་གཞི་བཟུང་ནས་ནམ་མཁས་སྟོང་བར་ངེས་དགོས། དེ་ངེས་ན་སྒྲ་མི་རྟག་པའང་ངེས་པར་འདོད་དགོས་པར་འགྱུར་རོ་ཞེས་གནོད་བྱེད་བསྟན་པ་ཡིན་པར་སྣང་ལ། འོན་ཀྱང་ཕྱོགས་སྔ་དེ་འགོག་ཚུལ་དེ་ལྟར་རམ། གཞན་ཡང་གསུང་ཚུལ་འདྲ་མིན་ཡོད་ངེས་ཀྱང༌། ཕྱོགས་སྔ་དེ་ལ་དྭོགས་པ་ཇི་ལྟར་བྱུང་ཚུལ་དང་དེ་ལྟར་བྱུང་བའི་དྭོགས་པ་དངོས་དེ་བསལ་ཚུལ་སོགས་ནི་ད་དུང་ལེགས་པར་འཚོལ་དགོས་སོ་སྙམ་མོ།། གང་ལྟར་ཡང་སྤྱི་ཡིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་དགོས་ཚུལ་འདིས། རྟགས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་ཐུབ་ཚུལ་ཤེས་དགོས་པར་སྣང་གི གཞན་དུ་ན་རྟགས་དེ་ལྟར་མེད་པར་ངེས་ཚུལ་གཞན་མེད་པས་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་དགོས་པར་འགྱུར་བ་ཡིན་པར་མངོན་ནོ།།
འདིར་དྭོགས་གནས་ཤིག་ལ། སློབ་དཔོན་དབང་ཕྱུག་སྡེས་རྟགས་ཚུལ་དང་པོ་གསུམ་ནི་སློབ་དཔོན་ཕྱོགས་གླང་གི་གསུང་ལ་བརྟེན་ནས་དེ་ལྟར་དུ་བཞག་པ་ཡིན་པར་ངེས་ལ། ཕྱི་མ་གསུམ་བསྣན་དགོས་པ་ནི། ལུང་འགལ་བསྟན་པ་རྣམས་ཀྱིས་གནོད་པར་མཐོང་ནས་མིན་ནམ་སྙམ་སྟེ། དེ་ཡང་ལུང་འགལ་དང་པོས་གནོད་ནས་ཚུལ་གསུམ་ཚད་མས་ངེས་པ་ཞེས་དང༌། གསུམ་པ་དང་ལྔ་པ་དྲུག་པས་གནོད་ནས་ལྡོག་ཕྱོགས་སྒྲུབ་པའི་ཚད་མ་མེད་པ་སྟེ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཞེས་པ་དང༌། ལུང་འགལ་བཞི་པས་གནོད་དེ་དམ་བཅའ་ལ་ཚད་མའི་གནོད་པ་མེད་པའི་ཡུལ་ཅན་ཞེས་པ་རྣམས་བསྣན་དགོས་པ་བྱུང་བ་ཨེ་ཡིན་དཔྱད་བྱར་སྣང་སྟེ། དེ་ལྟར་མིན་ན་དེ་དག་བསྣན་དགོས་པའི་རྒྱུ་མཚན་གང་ཡིན་འཚོལ་དགོས་སོ་སྙམ་མོ།།
ཡང་རྩ་བར། གཉིས་ལས་གང་ཡང་རུང་སྨྲས་པས།། དོན་གྱིས་གོ་བས་གཅིག་ཤོས་ལའང༌།། ཞེས་སོགས་ཀྱི་རང་འགྲེལ་དུ། འདི་ལྟར་གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་སྨྲས་པ་ན་ཞེས་པ་ནས་དེ་བས་ན་དེའི་ངོ་བོར་ཤེས་པས་ནི་དོན་གྱི་གོ་བས་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དོ་ཞེས་བྱ་བར་འགྱུར་ཞེས་དང༌། ཡང་དེ་བཞིན་དུ་དེ་མེད་ན་མེད་དོ་ཞེས་སྨྲས་ན་ཞེས་པ་ནས་དེའི་ཕྱིར་དེའི་ངོ་བོ་ཉིད་དུ་རྟོགས་པས་རྗེས་སུ་འགྲོ་བ་དྲན་པ་འབྱུང་ངོ༌།། ཞེས་སོགས་གསུངས་པ་ལས་ནི་བྱས་ན་མི་རྟག་པས་ཁྱབ་པ་བརྗོད་པ་ལས་མི་རྟག་པ་མེད་ན་བྱས་པ་མེད་པའམ་རྟག་ན་མ་བྱས་པས་ཁྱབ་པ་གོ་བ་དང༌། དེ་བཞིན་དུ་དེ་མེད་ན་མེད་དོ་ཞེས་སྨྲས་ན་ཞེས་པས་མི་རྟག་པ་མེད་ན་བྱས་པ་མེད་པ་སྟེ་རྟག་ན་མ་བྱས་པས་ཁྱབ་པ་བརྗོད་པས་རྗེས་སུ་འགྲོ་བ་དྲན་པ་སྟེ་བྱས་ན་མི་རྟག་པས་ཁྱབ་པ་ལ་དྲན་པ་འབྱུང་ཚུལ་གསལ་བ་ལྟ་བུ་ཞིག་སྣང་ལ། དེར་མ་ཟད་རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་པོ། ༤༡/༦/ལས། དེས་ན་རྣམ་འགྲེལ་ལས། སྒྲ་ནི་བྱས་ཡིན་འདི་འདྲ་ཀུན།། མི་རྟག་ཅེས་ནི་བརྗོད་པས་ཀྱང༌།། དོན་གྱིས་དེ་ནི་འཇིག་བློར་འགྱུར།། ཞེས་དོན་གྱིས་ཏེ་ཤུགས་ཀྱིས་ཞེས་བཤད་ཀྱང་ཤུགས་རྟོགས་མིན་པ་དང་འདྲའོ།། ཞེས་ཀྱང་གསུངས་པས། རྩ་བར་དོན་གྱིས་ཞེས་པའི་ཚིག་གཉིས་ལས་གཅིག་ཤུགས་ལ་རྟོགས་པ་དང་གཅིག་ཤུགས་ཀྱིས་རྟོགས་པ་ལ་གོ་དགོས་ཚུལ་ཇི་ལྟར་ཡིན་ལེགས་པར་གོ་དགོས་པར་སྣང་ལ། དེ་ཡང་སྒྲ་ནི་བྱས་ཡིན་འདི་འདྲ་ཀུན།། ཞེས་སོགས་ཀྱི་དོན་ནི། དྲི་རོ་སོགས་གཞན་ལའང་རིགས་བསྒྲེས་ཏེ་འཇིག་བློ་སྟེ་དེ་དག་ཀྱང་མི་རྟག་པར་རྟོགས་པའི་བློ་སྐྱེ་བར་འགྱུར་ཞེས་བསྟན་པར་སྣང་ཞིང་། གོང་གི་རང་འགྲེལ་ལས་གསུངས་པ་དེ་ཉིད་ནི་གོང་དུ་བཤད་ཟིན་ལྟར་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུའི་སྟེང་དུ་ཁྱབ་པ་གཉིས་པོ་དེ་དངོས་ཤུགས་ལ་གོ་བའི་དོན་དུ་འགྲེལ་དགོས་པ་ཡིན་ནམ་སྙམ་སྟེ་དཔྱད་བྱར་སྣང་ངོ༌།།
ལར་ནས་ཁྱབ་པ་ངེས་ཚུལ་འདི་ནི་ཤིན་ཏུ་རྟོགས་དཀའ་བས་དེའི་དོན་ཅི་ལྟར་ཡིན་སྙམ་ན། འདི་ལ་སྔར་ཡང་ལྡོག་པ་གཅིག་པའི་དཔུང་འཕུལ་བྱེད་པ་སོགས་ལོག་པར་སྨྲ་མཁན་དུ་མ་བྱུང་ཞིང་། དེང་ཡང་ཁ་ཅིག། ཁྱབ་པ་ངེས་པ་གཏན་ནས་མེད་དེ། དཔེར་ན། ངང་པ་ཡིན་ན་དཀར་པོ་ཡིན་པས་ཁྱབ་སྙམ་པ་དག་ལ་ཕྱིས་སུ་ངང་པ་སེར་པོ་མཐོང་བའི་ཚེ་ཁྱབ་པ་མེད་པར་མཐོང་བ་ལྟར་རོ་ཞེས་ཟེར། དེ་དག་གིས་ནི་ངང་པ་ཞེས་པའི་བརྡ་སྦྱར་བའི་གཞི་བྱ་གང་ཞིག་གི་སྟེང་དུ་ཁྱབ་པ་ངེས་པའི་རྒྱུ་མཚན་ནམ་བརྡ་སྦྱར་བའི་ཐུན་མོང་མ་ཡིན་པའི་ཆོས་བྱ་དེ་ཡི་དབྱིབས་ཁྱད་པར་བ་ཞིག་ལྡན་པ་དགོས་པར་མ་གོ་བས་ནོངས་པ་སྟེ། དེ་ལྟར་གོ་ན་མདོག་གི་ཁྱད་པར་དཀར་སེར་གང་ཡིན་ཡང་ངང་པ་ཡིན་པར་ངེས་པའི་ངེས་ཤེས་བསྐྱེད་ཅིང་། ཕྱིས་སུ་དེའི་རིགས་གང་ཞིག་མཐོང་ཡང་རིགས་བསྒྲེ་སྦྱོར་ཐུབ་པས་དེ་ལྡོག་སྟོབས་ཀྱིས་དེ་ལྡོག་པ་དང་། དེ་ལ་ངང་པ་མ་ཡིན་པ་ཡོད་མེད་ལ་ཐེ་ཚོམ་ཆོད་པས་ཁྱབ་པ་ངེས་ཚུལ་ནི་དེ་ལྟར་རོ་སྙམ་མོ།།
དེས་ན་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་ཐོས་བསམ་བྱ་རྒྱུ་ཆེས་ཤིན་ཏུ་གལ་ཆེ་བར་གསུངས་ཏེ། རྗེའི་སྔགས་རིམ་ཆེན་མོ། ༤༩༢/༢༥/ལས། སྔགས་ཀྱི་པཎྜི་ཏ་གཞན་མང་པོས་ཀྱང་རྣམ་འགྲེལ་གྱི་ལུང་ཁུངས་སུ་བྱས་ནས་བསྒྲུབས་པ་མང་བས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་རྣམས་སྤྱིར་ནང་རིག་གི་སྐབས་དང༌། ཁྱད་པར་དུ་སྔགས་ཀྱི་སྐབས་སུ་དོན་མེད་དོ་སྙམ་དུ་ལྟ་ཞིང་དེ་སྐད་གཞན་ལ་སྨྲ་བ་ནི། རིགས་པའི་ལམ་དུ་འགྲོ་བའི་བློ་ཉམས་ཆུང་ངུས་གཏིང་དཔག་དཀའ་བའི་བློ་གྲོས་ཀྱི་འཇུག་པའི་ལམ་ནས་དྲངས་པའི་དྲི་མ་མེད་པའི་རིགས་པའི་རྣམ་གཞག་མ་ལྕིགས་པ་ཡིན་པས་ལུང་དོན་རིགས་པ་ཕྲ་མོས་འབྱེད་པར་ནུས་པའི་མཁས་པའི་མདུན་སར་དབྱུང་བར་མི་ནུས་པའི་བབ་ཅོལ་ལོ།། ཞེས་དང༌། མཁས་གྲུབ་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། ༣༦/བ/༡/ལས། སྔགས་ཀྱི་པཎྜི་ཏ་མཁས་པ་མང་པོས་སྔགས་ཀྱི་སྐབས་སུ་རྣམ་འགྲེལ་གྱི་ལུང་ཁུངས་སུ་ བྱས་ནས་བསྒྲུབས་པ་ཤིན་ཏུ་མང་བས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་སྤྱིར་ནང་རིག་མ་ཡིན་ཞིང༌། ཁྱད་པར་སྔགས་ཀྱི་སྐབས་སུ་དོན་མེད་དོ་ཞེས། རང་གིས་རིགས་པ་མི་ཤེས་པའི་ལན་དུ་འཇིག་རྟེན་གྱི་མིག་བསུན་འབྱིན་པར་མ་བྱེད་ཅིག ཅེས་སོགས་གསུངས་པ་ལྟར་མདོ་སྔགས་གང་གི་སྐབས་སུ་ཡང་ཚད་མའི་གཞུང་མེད་དུ་མི་རུང་བར་ལན་དུ་མར་གདམས་སོ།།
གཞན་ཡང་མཁས་མཆོག་གདོང་ལྔའི་དབང་པོ་ཚུལ་ཁང་སྟོད་མཚམས་བླ་མ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཀྱང་། རྟགས་ཆོས་ཀྱི་འབྲེལ་བའི་འཕྲོས་གཞུང་རྩ་བར་གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་།། ཞེས་སོགས་ཤོ་ལོ་ཀ་གཅིག་པུ་དེ་ལ་མཐའ་དཔྱོད་ཧ་ཅང་རྒྱས་པར་གསུངས་ཡོད། འདི་ཉིད་གལ་འགངས་ཆེན་པོ་ཡིན་ཚུལ་ཤེས་དགོས། འདི་མན་གཞན་སེལ་སོགས་ནི་འདི་ལས་འཕྲོས་པ་ཤ་སྟག་ཡིན་པས་འདིའི་སྐོར་ལེགས་པོར་མ་གོ་ན་གཞན་རྣམས་ཀྱང་ལེགས་པོར་གོ་ཐབས་མེད་པས། འདིའི་སྐོར་ལ་རིག་པ་བསྒྲིམ་དགོས་ཞེས་དཔེ་ཁྲིད་གནང་སྐབས་གསུངས་པ་གསལ་པོར་དྲན་འདུག་ལ། ལྷག་དོན་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འཇོག་ཚུལ་ལེགས་པར་གོ་བ་ནི་དབུ་མའི་སྐབས་སུ། མང་བས་བདག་དེ་དག་ཀྱང་མང་བར་འགྱུར་།། ཞེས་སོགས་ཀྱི་རིགས་པའི་གསང་གནད་གོ་བར་ཡང་ཕན་རླབས་ཆེ་བར་སྣང་བ་བཅས་གཟུར་གནས་དོན་གཉེར་ཅན་འགའ་ལའང་ཕན་པ་སྲིད་དོ་སྙམ་ནས་བྲིས་པའོ།།
བློ་གླིང་དགེ་མིང་དཔལ་ལྡན་གྲགས་པས་བསྟན་འགྲོ་ལ་སྨན་པའི་རེ་སྨོན་དང་བཅས་ཏེ། ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༧ ཉིན་བྲིས། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་སྐྱར་བཅོས་གང་འོས་བགྱིས་པ་དགེ་ལེགས་འཕེལ།
ཀློག་པ་པོ་ལགས་འཕྲིན་སྟེགས་ལ་དོ་ཁུར་རེ་གནང་རོགས།