༄༅། །རིགས་ཚོགས་ཀྱི་གྲངས་ལ་དཔྱད་པ།
______བློ་བཟང་དགེ་ལེགས།
རྒྱལ་བས་ལུང་བསྟན་རབ་དགའི་སར་གཤེགས་ཀྱི་དམ་པ།།
ཡུམ་དོན་མཐའ་བྲལ་སྟོན་པའི་རྟེན་འབྱུང་གི་གསུང་མཆོག།
གསལ་མཛད་འཕགས་པའི་རྒྱན་མཆོག་ཀླུ་སྒྲུབ་ཀྱི་མཚན་ཅན།།
ཀུན་ནས་བསྔགས་པའི་གང་ཉིད་དྲིན་ཅན་དེར་འདུད་དོ།།
ཞེས་བླ་མེད་ཀྱི་ཞིང་མཆོག་དམ་པར་བསྟོད་ཕྱག་མཛད་པ་སྔོན་དུ་བཏང་ནས། འདིར་གླེང་བར་བྱ་བའི་བརྗོད་བྱ་གཙོ་བོ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འཆད་བྱེད་ཀྱི་རིགས་ཚོགས་ཀྱི་གྲངས་ལ་དཔྱད་པ་ཡིན་ནོ།། འདི་ཉིད་སྟོན་པ་ལ་ཡང་། རིགས་ཚོགས་ཀྱི་གྲངས་འདྲེན་བྱེད་ཚུལ་མི་མཐུན་པ་འགོད་པ་དང་དྭོགས་པ་བསུ་བ། ལོགས་སུ་ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་གཉིས་ལ་དཔྱད་པ། མཁས་པའི་བཞེད་ཕྱོགས་ལ་གནས་པའི་གསེར་ཕྲེང་གི་དགོངས་པ། རྣམ་རྟོག་གྱི་འཆར་སྒོ་ཙམ་འགོད་པ་དང་བཞིའོ།།
ས་བཅད་དང་པོ། རིགས་ཚོགས་ཀྱི་གྲངས་འདྲེན་བྱེད་ཚུལ་ལ་ཡང་། རིགས་ཚོགས་ལྔར་བཞེད་པ་དང་དྲུག་ཏུ་བཞེད་པ་གཉིས་སོ།།
དང་པོ་འཆད་པ་ལ། སྤྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཤིན་ཏུ་མང་ལ། ཐུན་མོང་མ་ཡིན་པའི་ནང་རིག་པའི་བསྟན་བཅོས་ལ་མདོ་ཕྱོགས་དང་སྔགས་ཕྱོགས་གཉིས་ལས། དང་པོ་མདོ་ཕྱོགས་སྐོར་གྱི་བསྟན་བཅོས་ལའང་ལྟ་བའི་ཆ་དང་སྤྱོད་པའི་ཆ་འགྲེལ་བའི་བསྟན་བཅོས་དུ་མ་ཞིག་སྣང་ལ། ལྟ་བའི་ཆ་འགྲེལ་བར་ནང་གསེས་སུ་རིགས་ཚོགས་དང་། གཏམ་ཚོགས། བསྟོད་ཚོགས། ལུང་ཚོགས་བཅས་བཞི་ལས། རིགས་ཚོགས་ནི་འོག་ཏུ་འཆད་པར་འགྱུར་ལ། གཏམ་ཚོགས་ནི། གཏམ་དུ་བྱ་བ་སྟེ་བསླབ་བྱའི་ཚུལ་དུ་གདམས་པའི་བསྟན་བཅོས་ཏེ། རིན་ཆེན་ཕྲེང་བ་ལྟ་བུ་དང་། བསྟོད་ཚོགས་ནི། གཙོ་བོ་བསྟོད་ཡུལ་གྱི་ཡོན་ཏན་བརྗོད་པ་ལྷུར་ལེན་པའི་བསྟོན་བཅོས་རྣམས་ལ་འཇོག་སྟེ། ཆོས་དབྱིངས་བསྟོད་པ་ལྟ་བུ། ལུང་ཚོགས་ནི། སྟོང་ཉིད་གཙོ་བོ་ལུང་གི་སྒོ་ནས་གཏན་ལ་འབེབས་པའི་གཞུང་རྣམས་ལ་འཇོག་སྟེ། དཔེར་ན། མདོ་ཀུན་ལས་བཏུས་པ་ལྟ་བུའོ།། སྐབས་དོན་གཙོ་བོའི་རིགས་ཚོགས་ནི། སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྟོན་པའི་གཞུང་རྣམས་ལ་བྱེད་ལ། དེ་ཡང་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག ཞིབ་མོ་རྣམ་འཐག་བཅས་ལྔ་ནི་རིགས་ཚོགས་ཡིན་མིན་སྐོར་ལ་མཁས་པའི་བཞེད་ཚུལ་མི་མཐུན་པ་མེད་ལ། བླ་མ་དམ་པ་རྗེ་བཙུན་རེད་གདའ་བས་རིགས་ཚོགས་ལ་འདི་ལྔར་ངེས་པ་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་དབུ་མ་བཞི་བརྒྱ་པའི་འགྲེལ་པ་ལས་གསལ་བར་གསུངས་ལ། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག་ལས།༼29 དེས་ན་བླ་མ་རྗེ་ནི་རིགས་ཚོགས་ལྔར་བཞེད་ལ། ཞེས་གསུངས་པ་རྣམས་ལས་གསལ་ལོ།།
གཉིས་པ། དྲུག་ཏུ་བཞེད་པ་ལ་ཡང་བཞེད་ཚུལ་མི་འདྲ་བ་གསུམ་བྱུང་བ་ནི། རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་གསེར་ཕྲེང་༼5ལས། ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། ཞེས་འབྱུང་བ་བཞིན་འདིར་ཡང་བཞེད་ཚུལ་མི་འདྲ་བ་གསུམ་གྱིས་སྒོ་ནས་འཆད་ལ། དང་པོ་ནི། ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་དང་ཉ་དཔོན་ཀུན་དགའ་དཔལ་བ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ་སོགས་ཀྱིས་བཞེད་ལ། དེ་ཡང་དང་པོས་མཛད་པའི་རྩ་ཤེས་ཀྱི་འགྲེལ་པ་འཐད་པའི་རྒྱན་༼8 ལས། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་ཞེས་དང་། རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ། ཞེས་གསུངས་ལ། ཕྱི་མས་མཛད་པའི་ཕར་ཕྱིན་ཉ་ཊཱིཀ་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་རིགས་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག། རྩོད་བཟློག་དང་ཐ་སྙད་གྲུབ་པ་སྟེ་དྲུག། ཅེས་གསུངས་ཀྱང་། གང་བསྣན་རྒྱུའི་ཐ་སྙད་གྲུབ་པའི་སྐོར་ལ་འགག་པ་མང་དུ་སྣང་བས་ལུགས་སུ་བཀར་ནས་འཆད་འདོད་པས་དེའི་སྐབས་ནས་བཤད་པར་བྱའོ།། གཉིས་པ་རིན་ཆེན་ཕྲེང་བ་བསྣན་ནས་དྲུག་ཏུ་འདོད་པར་རི་བོ་དགེ་ལྡན་པའི་ཡིག་ཆ་གསུམ་ག་མཐུན་པར་སྣང་ལ། དེ་ཡང་རྗེ་བཙུན་གྱི་ཕར་ཕྱིན་སྤྱི་དོན་རོལ་མཚོ་༼10 ལས། གཉིས་པ་ལ་རིན་ཆེན་ཕྲེང་བ་དང་རིགས་པ་དྲུག་ཅུ་པ་གཉིས་མཛད་པ་ཡིན་ཏེ། ཞེས་སོགས་ཀྱི་སྐབས་འདིར་གསལ་བར་འབྱུང་བ་དང་། ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་མི་ཕམ་ཞལ་ལུང་༼4ལས། རང་སྡེའི་བདེན་དངོས་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་གཉིས་དང་ལྔ།ཞེས་སོགས་ཀྱི་སྐབས་འདིར་བཞེད་ཚུལ་གོང་དང་དབྱེར་མེད་ལ། རང་ལུགས་པན་ཆེན་ཐམས་ཅད་མཁྱེན་པས་ཀྱང་དབུ་མའི་སྤྱི་དོན་༼2ལས། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག རིན་ཆེན་འཕྲེང་བ་སྟེ་རིགས་པའི་ཚོགས་དྲུག་མཛད་དོ།། ཞེས་གསུངས་པ་དང་མཐུན་པར་རྗེ་ལམ་རིམ་པའི་ཕར་ཕྱིན་གྱི་སྡོམ་ཚིག་༼54ལས། དང་པོ་སྟོན་བྱེད་རིགས་ཚོགས་དྲུག། ཞེས་མགྲིན་དབྱངས་གཅིག་ཏུ་འདི་ལྟར་དུ་བཞེད་དོ།། བཞེད་ཚུལ་འདི་དག་གང་ལ་བརྟེན་པའི་སྒྲུབ་བྱེད་ནི་རྗེ་བདག་ཉིིད་ཆེན་པོའི་རྩ་ཤེས་ཊིག་ཆེན་༼5ལས། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་བཅུ་པ། རྩོད་ཟློག རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག། རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ།། ཞེས་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་༼39ལས། ཐམས་ཅད་མཁྱེན་པ་ཙོང་ཁ་པ་རིན་ཆེན་ཕྲེང་བ་དང་དྲུག་ཏུ་བཞེད་དོ།། ཞེས་སོགས་གསུངས་པས་ལེགས་པར་གྲུབ་བོ།། མདོར་ན། རིན་ཆེན་ཕྲེང་བ་དང་དྲུག་ཏུ་བཞེད་པ་རྗེ་ཡབ་སྲས་དང་ཡིག་ཆ་རྣམ་པ་གསུམ་གྱི་དགོངས་པ་རྨ་མེད་པ་ཡིན་པར་སེམས་ལ། གསེར་ཕྲེང་གི་དངོས་བསྟན་ལ་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་མི་བཞེད་པར་མངོན་ཡང་། འདི་ཉིད་གསེར་ཕྲེང་གི་དགོངས་པར་གནས་མིན་འོག་ནས་འཆད་པར་འགྱུར་རོ།། གསུམ་པ། ག་ལས་འཇིགས་མེད་བསྣན་ནས་དྲུག་ཏུ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཞེད་དེ། དེ་ཉིད་མཛད་པའི་ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་ལས། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི། དེའི་ཕྱིར་དེ་དང་པོ་ཉིད་དུ་རྣམ་པར་བཤད་ཟིན་པས་བཏགས་པ་ལ་འཐག་པ་དང་འདྲ་བས་རྣམ་པར་བཤད་པ་འདི་མི་དགོས་སོ།། ཞེས་དང་། སློབ་དཔོན་པདྨ་སཾ་བྷ་ཝ་ལ་སོགས་པ་སྐྱེས་ཆེན་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་ལས་ཀྱང་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་ཏུ་འདོད་འདུག་ཅེས་བཤེས་གཉེན་སྟོན་པས་ཞལ་ནས་གསུངས་པ་ལྟར་བཀོད་དོ།།
ས་བཅད་གཉིས་པ། རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བསྣན་པར་དྭོགས་པ་བསུ་བ་ནི། རིན་ཆེན་ཕྲེང་བ་རིགས་ཚོགས་སུ་འདོད་བྱས་པ་ལ་ཁ་ཅིག་ན་རེ། རིན་ཆེན་ཕྲེང་བ་ཆོས་ཅན། རིགས་ཚོགས་མ་ཡིན་པ་ཐལ། གཏམ་ཚོགས་ཡིན་པའི་ཕྱིར། ཁྱབ་པ་གྲུབ་སྟེ། རིགས་ཚོགས་དང་གཏམ་ཚོགས་གཉིས་འགལ་བའི་ཕྱིར། མ་གྲུབ་ན། ཆོས་དབྱིངས་བསྟོད་པ་ཆོས་ཅན། རིགས་ཚོགས་སུ་ཐལ། རིན་ཆེན་ཕྲེང་བ་དེ་ཡིན་པ་གང་ཞིག་མཚུངས་པའི་ཕྱིར། ཞེ་ན་རྟགས་གཉིས་པ་མ་གྲུབ་སྟེ། རིན་ཆེན་ཕྲེང་བས་གང་ཟག་དང་བདག་མེད་གཉིས་རིགས་པས་རྒྱས་པར་གཏན་ལ་འབེབས་ཤིང་། ཐབས་ཀྱི་ཆ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རགས་རིམ་ཞིག་ཚང་བར་སྟོན་པ་གང་ཞིག ཆོས་དབྱིངས་བསྟོད་པས་དེ་ལྟར་མི་སྟོན་པའི་ཕྱིར། དང་པོ་མ་གྲུབ་ན། རིན་ཆེན་ཕྲེང་བ་ཆོས་ཅན། ཁྱེད་ཀྱིས་འདི་ལྟར་བསྟན་པ་ཐལ། རྒྱུད་སྡེ་སྤྱི་རྣམ་ལས་གོང་གི་སྒྲུབ་བྱེད་ལྟར་གསུངས་པའི་དགོངས་པ་གྲུབ་པའི་ཕྱིར། མ་གྲུབ་ན། རིན་ཆེན་ཕྲེང་བས་དེ་ལྟར་མ་བསྟན་པའི་སྒྲུབ་བྱེད་ཡིད་ལ་འཐད་པ་ཞིག་མི་འདོད་པ་ཁྱོད་ཀྱི་སྨྲོས་ཤིག། གཉིས་པ་མ་གྲུབ་ན། ཆོས་དབྱིངས་བསྟོད་པ་ཆོས་ཅན། དེར་ཐལ། གལ་ཏེ་བསྟན་ན་རྒྱུད་སྡེ་སྤྱི་རྣམ་དུ་རིན་ཕྲེང་གིས་བསྟན་པ་འཆད་པའི་སྐབས་སུ་འཆད་དགོས་པ་ལས་མ་འཆད་པའི་ཕྱིར། འོ་ན་རིན་ཕྲེང་རིགས་ཚོགས་ཁོངས་སུ་དྲངས་ཀྱང་གཏམ་ཚོགས་ཡིན་པའི་སྒྲུབ་བྱེད་ཡོད་དམ་ཞེ་ན། བཤད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ཆོས་ཅན། གཏམ་ཚོགས་ཡིན་པ་ཐལ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་། ཞེས་པའི་དབུ་མ་ཚིག་གསལ་༼568གྱི་དོན་ལེགས་པར་གྲུབ་པའི་ཕྱིར་དང་། བསྟན་བཅོས་འདིའི་མཚན་དུ་རྒྱལ་པོ་ལ་གཏམ་དུ་བྱ་བ་ཞེས་སྦྱར་བའི་དགོས་པས་གྲུབ་པའི་ཕྱིར་རོ།།
ས་བཅད་གཉིས་པ། ལོགས་སུ་ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་གཉིས་ལ་དཔྱད་པ་ལ། འདི་གཉིས་རེ་རེ་ནས་དཔྱད་པ་གཉིས་སོ།།
དང་པོ། བསྟན་བཅོས་ག་ལས་འཇིགས་མེད་ནི་རྩ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་མིན་དུ་འཁྲུལ་གཞི་ཤིན་ཏུ་ཆེ་ལ། རྩ་ཤེས་རང་འགྲེལ་དུ་སྔོན་གྱི་དཀར་ཆག་རྣམས་དང་། དེའི་རྗེས་འབྲངས་མང་པོས་འདོད་པ་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་༼32དུ་གསུངས་ལ། འདོད་པ་འདི་དག་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོར་རིགས་པ་གཉིས་ཀྱི་སྒོ་ནས་འགག་པར་མཛད་ལ། དེ་ཡང་དྲང་ངེས་ལེགས་བཤད་སྙིང་པོ་༼104ལས། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་དང་། །
སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་ནི། །
མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་བཤད་དོ། ། ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཤེས་སོ།། ཞེས་གསུངས་པས་་འགག་པར་མཛད་ལ། རིགས་པ་འདི་གཉིས་དང་མཐུན་པར་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་༼40དུ། འཕགས་པའི་སློབ་པ་རྣམས་ཀྱི་གཞུང་དུ་དེའི་ལུངས་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང་། རབ་བྱེད་ཉེར་བདུན་པའི་ཐད་ཀྱི་འགྲེལ་པར་བཙུན་པ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་། ཞེས་ཞི་བརྒྱ་པའི་ལུང་དྲངས་པའི་ཕྱིར་དང་། དཔལ་ལྡན་ཟླ་བས་དབུ་མ་ཚིག་གསལ་དུ་རང་ཉིད་ཀྱིས་གང་ལ་གཟིགས་རྟོགས་མཛད་པའི་གཞུང་རྣམས་དྲངས་པའི་ཚེ། ཅིའི་ཕྱིར་ག་ལས་འཇིགས་མེད་མ་དྲངས། ཞེས་ག་ལས་འཇིགས་མེད་སློབ་དཔོན་གྱིས་མཛད་མེད་པ་བསྟན་ཀྱང་། འདིར་དཔྱད་དགོས་པ་ཞིག་ལ་ག་ལས་འཇིགས་མེད་ཀྱི་མཛད་བྱང་དུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་ཁམས་དང་བའི་འོད་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ།། ཞེས་དང་། འདིའི་རབ་བྱེད་ཉེར་བདུན་པའི་མཇུག་ཏུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ། རབ་བྱེད་ཉི་ཤུ་བདུན་པ་སྟེ་ཐ་མའོ།། ཞེས་དང་། ལམ་སྒྲོན་གྱི་རང་འགྲེལ་དུ་གྲགས་པ་ལས་ཀྱང་། སློབ་དཔོན་ཉིད་ཀྱིས་མཛད་པའི་འགྲེལ་པ་ག་ལས་འཇིགས་མེད།། ཅེས་བྱུང་བའི་གསུང་འདི་དག་ལ་དཔགས་ན་སློབ་དཔོན་གྱིས་མཛད་པའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བ་ཞིག་ཡོད་པ་གདོན་མི་ཟ་བར་འདོད་དགོས་སྙམ་པ་འོག་ཏུ་འཆད་དོ།།
གཉིས་པ་བསྟན་བཅོས་ཐ་སྙད་གྲུབ་པ་ནི་བོད་འགྱུར་དུ་མི་སྣང་ཡང་འཕགས་ཡུལ་གྱི་སློབ་དཔོན་ཀ་མ་ལ་ཤི་ལའི་དབུ་མ་རྒྱན་དཀའ་འགྲེལ་༼172ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་བསྟན་པས། ཞེས་གསུངས་པས་འཕགས་ཡུལ་དུ་བསྟན་བཅོས་འདི་མེད་པའི་འགག་པ་བསལ་ལ། བོད་སྔ་མའི་མཁས་པ་རྨ་བྱ་བྱང་བརྩོན་དང་ཉ་དཔོན་ཀུན་དགའ་དཔལ་ལ་སོགས་པས་བསྟན་བཅོས་འདི་ཉིད་རིགས་ཚོགས་ཀྱི་ཁོངས་སུ་བཞེད་ཀྱང་། འདི་འགོག་པ་ལ་རྒྱལ་དབང་དགེ་འདུན་གྲུབ་ཀྱིས་རྣམ་རྒྱལ་གྲགས་པའི་དྲིས་ལན་ལས། ཐ་སྙད་གྲུབ་པ་རིགས་ཚོགས་ཁོངས་སུ་བགྲང་མི་རིགས་ཏེ། དེས་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པ་མིན་གྱི། རང་བཞིན་གྱིས་མེད་ན་བོང་བུའི་རྭ་བཞིན་དུ། ཐ་སྙད་རྣམ་གཞག་མི་འཐད་པར་རྒོལ་བ་ལ། རང་བཞིན་གྱིས་མེད་པ་ལ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཤིན་ཏུ་འཐད་པ་ཡིན་ནོ།། ཞེས་སྟོན་པ་ཡིན་ལ། ཐ་སྙད་གྲུབ་པ་ཞེས་པའི་མིང་ཉིད་ཀྱིས་ཀྱང་སྟོང་ཉིད་རྒྱས་པར་མི་སྟོན་པ་གོའོ།། ཞེས་གསུངས་ལ། གལ་ཏེ་འདི་ཉིད་རིགས་ཚོགས་ཁོངས་སུ་གཏོགས་ན་དཔལ་ལྡན་ཟླ་བས་ཚིག་གསལ་གྱི་མཇུག་ཏུ་རང་ཉིད་ཀྱིས་གང་ལ་གཟིགས་རྟོགས་མཛད་པའི་གཞུང་རྣམས་དྲངས་པའི་ཚེ་ག་ལས་འཇིགས་མེད་མ་བྱུང་བ་དང་མཐུན་པར་ཐ་སྙད་གྲུབ་པ་ཞེས་པ་ཟུར་ཙམ་ཡང་མ་བྱུང་བས་ཞེས་སོགས་ཀྱི་འགོག་པར་མཛད་ལ། འདིའི་སྐབས་རྗེ་བདག་ཉིད་ཆེན་པོས་ཐ་སྙད་གྲུབ་པ་རིགས་ཚོགས་སུ་འདོད་པ་ལ་དམིགས་བསལ་གྱི་འགག་པ་མི་མཛད་པ་ནི་སྔར་གྱི་ག་ལས་འཇིགས་མེད་རིགས་ཚོགས་སུ་དྲངས་མི་རུང་བའི་ཚིག་གསལ་གྱི་ལུང་ལས་ཤེས་ནུས་པས་སོ།། འདི་ལྟར་མིན་པར་ཀུན་མཁྱེན་གོ་རམས་པའི་འགོག་ཚུལ་ལྟར་ཐ་སྙད་གྲུབ་པ་རྩ་ཤེའི་རང་འགྲེལ་ཡིན་ན་འགྲེལ་པ་གཞན་རྣམས་ཀྱི་འགྲེལ་པ་བྱེད་མི་རིགས་པའི་ཐལ་བ་འཕངས་ཚེ་ཚུར་ལ་ཡང་གནོད་བྱེད་འཇུག་པ་སླའོ།།
ས་བཅད་གསུམ་པ། མཁས་པའི་བཞེད་ཕྱོགས་ལ་གནས་པའི་གསེར་ཕྲེང་གི་དགོངས་པ། འདི་འཆད་པ་ལ། མཁས་པ་ཕལ་མོ་ཆེས་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མའི་རྩ་བ་ཞེས་པ་ནས་ཞིབ་མོ་རྣམ་འཐག་སྟེ་ལྔའོ།། ཞེས་པའི་གསེར་ཕྲེང་གི་གསུང་ལས་རིགས་ཚོགས་ལྔར་བཞེད་པ་གསེར་ཕྲེང་གི་དགོངས་པར་བཞེད་པ་དང་། ཡང་དེང་དུས་ཀྱི་མཁས་པ་འགས་རིགས་ཚོགས་ལྔར་འཆད་པའི་གསེར་ཕྲེང་གི་གསུང་དེ་དྲང་དོན་དུ་འགྲེལ་ནས་འཆད་པ་འདི་ལྟར། གསེར་ཕྲེང་གི་གཞུང་གུང་བསྒྲིགས་ནས་དཔྱད་ན། རིགས་ཚོགས་ལྔ་ཡི་གྲངས་འདྲེན་སྟངས་དེ་གསེར་ཕྲེང་རང་ལུགས་ཡིན་མིན་ཧ་ཅང་དོགས་ཏེ། གསེར་ཕྲེང་ལས་ཤེར་ཕྱིན་གྱི་མདོ་དེ་མདོ་གཞན་ལས་ཟབ་པར་བསྟན་རྗེས། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། ། ཞེས་ཤེར་ཕྱིན་གྱི་མདོ་ཡི་དགོངས་པ་འགྲེལ་ཚུལ་ཇི་ལྟར་ཡོད་ཅེ་ན། དེ་ལ་སྔ་རབས་པ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་བཞི་བཞེད་པར་གསུངས་ནས། དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཞེས་དེ་དག་གིས་བཞེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་བཞི་ཡི་ངོས་འཛིན་མཛད་ཅིང་། དེ་ཡང་། དེ་དག་གིས་བཞེད་པའི་ཡུམ་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྲོལ་འབྱེད་པའི་དགོངས་འགྲེལ་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་ལྔ་བཞེད་པ་དང་། ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་དྲུག་ཏུ་བཞེད་པའི་ཚུལ་གཉིས་བཀོད་ཅིང་། འོག་ཏུ་དེ་དག་གིས་དགོངས་འགྲེལ་གཞན་ལ་མ་བརྟེན་པར་ཤེར་ཕྱིན་གྱི་མདོ་ཡི་དགོངས་པ་རེ་འགྲེལ་བས་ཤིང་རྟའི་སྲོལ་འབྱེད་ཅེས་སྔ་མ་རྣམས་ལ་གྲགས་སོ། ཞེས་སྔ་རབས་པ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་ཡི་དགོངས་འགྲེལ་དུ་བཞེད་པའི་བསྟན་བཅོས་ཀྱི་གྲངས་འདྲེན་ཡིན་པར་གསལ་བའི་ཕྱིར། རིགས་ཚོགས་ལ་ལྔ་བགྲང་བ་དེ་གསེར་ཕྲེང་རང་ལུགས་ལ་མ་ཡིན་པ་འདྲའོ།། ཞེས་གསུངས་ནས་གསེར་ཕྲེང་གི་དགོངས་པ་དངོས་དེ་རྩ་ཤེས་ཊིག་ཆེན་དང་འདྲ་བར་རིགས་ཚོགས་དྲུག་ཏུ་འདོད་པའི་ཚུལ་གཉིས་བྱུང་ཡང་། རང་ལུགས་ལས་མ་འདས་པར་གསེར་ཕྲེང་གི་དགོངས་པ་དང་རྩ་ཤེས་ཊིག་ཆེན་གྱི་དགོངས་པ་མི་འགལ་བར་རྣམ་རྟོག་འཆར་སྒོ་བརྗོད་པའི་སྐབས་སུ་སྒྲུབ་པར་བྱའོ།།
ས་བཅད་བཞི་པ། རྣམ་རྟོག་གི་འཆར་སྒོ་ཙམ་འགོད་པ་ལ། ག་ལས་འཇིགས་མེད་ཀྱི་སྐོར་དང་ཐ་སྙད་གྲུབ་པའི་སྐོར། གསེར་ཕྲེང་རང་ལུགས་སྐོར་གྱི་རྨོངས་འཆར་བརྗོད་པ་དང་གསུམ་མོ།།
དང་པོ་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་མིན་པའི་སྒྲུབ་བྱེད་རིགས་པ་དང་ལུང་མང་ལ། ཡིན་པའི་སྒྲུབ་བྱེད་ཡང་མང་བས། འདི་འཐད་འདི་མི་འཐད་ཅེས་པའི་རིགས་པའི་གདེངས་དང་ལྡན་པ་ཅི་ནས་ཀྱང་མིན་འདུག་པས་བསམ་ངོར་འདི་གཉིས་མི་འགལ་བར་སྒྲུབ་འདོད་པ་ནི། འདི་ལྟར། ག་ལས་འཇིགས་མེད་ཀྱི་མཛད་བྱང་དང་རབ་བྱེད་ཉེར་བདུན་པའི་མཇུག་གི་གསུང་དང་ལམ་སྒྲོན་གྱི་རང་འགྲེལ་དུ་གྲགས་པའི་གསུང་འདི་དག་ལ་དཔགས་ན་སློབ་དཔོན་གྱིས་མཛད་པའི་བསྟན་བཅོས་ག་ལས་འཇིགས་མེད་ཞེས་བྱ་བ་ཞིག་ཡོད་པ་ངེས་པར་འདོད་དགོས་སོ་སྙམ་པ་འཆར་ལ། འོ་ན་མ་ཡིན་པའི་སྒྲུབ་བྱེད་འདི་དག་དང་མི་འགལ་བར་ཇི་ལྟར་འགྲེལ་ཞེ་ན། སློབ་དཔོན་གྱིས་མཛད་པའི་ག་ལས་འཇིགས་མེད་དང་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་སྙིང་པོ་དང་མཁས་གྲུབ་རྗེས་རྒྱུད་སྡེ་སྤྱི་རྣམ་སོགས་སུ་དྲངས་པའི་ག་ལས་འཇིགས་མེད་ཞེས་པ་འདི་གཉིས་མཚན་མཐུན་པ་ཙམ་ལས་རྩོམ་པ་པོ་གཅིག་མིན་པ་ལྟར་བུར་སྣང་བས། སློབ་དཔོན་གྱི་ཕྱིས་དང་དཔལ་ལྡན་ཟླ་བ་དང་སློབ་དཔོན་ལེགས་ལྡན་སོགས་མ་འཕེབས་པའི་སྔོན་དུ་སློབ་དཔོན་དང་མཚན་མཐུན་པ་ཞིག་གིས་རྩ་ཤེའི་འགྲེལ་པ་མཛད་ནས། དེར་ག་ལས་འཇིགས་མེད་ཞེས་བཏགས་པར་སྣང་ལ། འདི་ལྟར་ན་སློབ་དཔོན་དང་མཚན་མཐུན་པ་འདིས་རྩ་ཤེའི་རབ་བྱེད་ཉེར་བདུན་པའི་འགྲེལ་པ་མཛད་སྐབས་སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པའི་ལུང་དྲངས་པར་འགལ་བ་མེད་ལ། འདིའི་ནང་དུ་ཕྱོགས་རེ་བ་ཙམ་མ་གཏོགས་སློབ་དཔོན་གྱིས་མཛད་པ་དང་ཧ་ཅང་འདྲ་བས་ཤིན་ཏུ་ནོར་བཟོ་ཆེ་ལ། གལ་ཏེ་དཔལ་ལྡན་ཟླ་བ་དང་སློབ་དཔོན་ལེགས་ལ་སོགས་པ་ཁོང་རྣམས་ཀྱིས་རྩ་ཤེས་ཀྱི་འགྲེལ་པར་ག་ལས་འཇིགས་མེད་ཀྱི་ལུང་དྲངས་ཚེ། གང་དྲངས་རྒྱུའི་ག་ལས་འཇིགས་མེད་དེ་ཐད་ཀར་སློབ་དཔོན་དཔོན་གྱིས་མཛད་པའི་ག་ལས་འཇིགས་མེད་དེར་མི་གོ་བས་ཚིག་གསལ་སོགས་སུ་མ་བཀོད་ལ། བོད་བསྒྱུར་དུ་ཡོད་པ་ནི་སློབ་དཔོན་དང་མཚན་མཐུན་པ་ཁོང་གིས་མཛད་པའི་ག་ལས་འཇིགས་མེད་དེ་ཡིན་པས། ལེགས་བཤད་སྙིང་པོ་དང་རྒྱུད་སྡེ་སྤྱི་རྣམ་སོགས་སུ་དེ་སློབ་དཔོན་གྱི་མཛད་པར་འགག་པ་མཛད་པ་ཤིན་ཏུ་འཐད་པས་སོ་སྙམ་མོ།།
གཉིས་པ་ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཐད་པ་ཞེས་བརྗོད་དུས་རང་ཤུགས་སུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་དེ་གོ་བས། ཐ་སྙད་གྲུབ་པའི་སྦས་དོན་ནམ་ཤུགས་བསྟན་ལ་བདེན་མེད་ཀྱི་དོན་ཡོད་ཀྱང་དངོས་བསྟན་ལ་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པར་མི་སྟོན་པས་རིགས་ཚོགས་ཁོངས་སུ་མི་དྲངས་པའི་སྒྲུབ་བྱེད་འཐད་ལ། རྨ་བྱ་བྱང་བརྩོན་ལ་སོགས་པ་ཁོང་རྣམས་ཀྱིས་རིགས་ཚོགས་ལ་དངོས་བསྟན་དང་ཤུགས་བསྟན་གང་ལའང་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པའི་བསྟན་ཚུལ་མི་མཚུངས་ཀྱང་བསྟན་པ་འདྲ་བས་རིགས་ཚོགས་སུ་བཞེད་དོ་སྙམ་མོ།། འོན་ཀྱང་། རྒྱུད་སྡེ་སྤྱི་རྣམ་༼31ལས། རང་རེའི་བླ་མ་དག་ཐ་སྙད་གྲུབ་པ་ཞེས་བྱ་བའི་གཞུང་རིགས་ཚོགས་ཀྱི་ཡ་གྱལ་ཞིག་ཡོད་ན། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་འཕགས་པའི་གཞུང་ཐམས་ཅད་ཁུངས་སུ་མ་དྲངས་པ་མེད་པས། ཞེས་གསུངས་པ་དག་དང་། དཔལ་ལྡན་ཟླ་བ་དང་སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་ཀྱིས་མཛད་པའི་བསྟན་བཅོས་སུ་བསྟན་བཅོས་འདིའི་མཚན་གཅིག་ཀྱང་མ་བྱུང་བས་རིགས་ཚོགས་སུ་འདོད་པ་མི་འཐད་དོ་ཞེས་པའི་ཀུན་མཁྱེན་གོ་རམས་པ་མཆོག་གིས་རིགས་པ་དེ་དག་ཇི་ལྟར་འགྲེལ་བློ་ལྡན་མཁས་མཛངས་ཅན་རྣམས་ལ་དཔྱད་པའི་ཚུལ་དུ་བཀོད་དོ།།
གསུམ་པ། ལེགས་བཤད་གསེར་ཕྲེང་གིས་རིན་ཆེན་ཕྲེང་བ་རིགས་ཚོགས་ཁོངས་སུ་མ་དྲངས་པའི་རྒྱུ་མཚན་ནི། རིན་ཆེན་ཕྲེང་བས་གཞན་ལྔ་དང་མི་འདྲ་བར་ཐབས་ཀྱི་ཆ་ཡང་སྟོན་པས་ལོགས་སུ་བཀོལ་ལ། གཞན་ལྔས་ཐབས་ཀྱི་ཆ་མི་སྟོན་པའི་སྒྲུབ་བྱེད་ནི་མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་༼39ལས། དེ་ལ་རྩ་ཤེས་ལ་ནི་ཆོས་ཐམས་ཅད་བདེན་པར་གྲུབ་པས་སྟོང་བ། རིགས་པའི་རྣམ་གྲངས་མི་འདྲ་བ་དུ་མའི་སྒོ་ནས་རྒྱས་པར་སྟོན་ལ། ཐབས་ཀྱི་ཆ་མི་སྟོན་ནོ།། གཞན་བཞིས་ཀྱང་སྟོང་པ་ཉིད་ཁོ་ན་སྟོན་ནོ།།ཞེས་གསུངས་པས། རིན་ཆེན་ཕྲེང་བ་རིགས་ཚོགས་ཁོངས་སུ་འདོད་མཁན་གསེར་ཕྲེང་རང་ལུགས་ཙམ་མ་ཟད་ཁ་ཅིག་ཀྱང་ཡོད་པས། རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་འདོད་པའི་ལུགས་དེ་ཁ་ཅིག་ཏུའང་བཀོད་པར་སྣང་ལ། རྩ་ཤེས་ཊིག་ཆེན་དུ་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་འདོད་པ་ནི་ཐབས་ཀྱི་ཆ་སྟོན་མི་སྟོན་གྱི་ཆ་ཕྱེ་བར་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པའི་བསྟན་བཅོས་རྣམས་རིགས་ཚོགས་སུ་དྲངས་པས། དོན་ལ་རྩ་ཤེས་ཊིག་ཆེན་དང་གསེར་ཕྲེང་གཉིས་ཀྱི་དགོངས་པ་གཅིག་ཏུ་གནས་སོ་སྙམ་མོ།།
སྨྲས་པ། གཞུང་ཆེན་མོ་འདི་དག་གི་དགོངས་པའི་ཟུར་ཙམ་ཡང་མི་གོ་བའི་རྟོག་གེ་བ་བདག་འདྲ་བས་འདི་དག་གི་དོན་འགྲེལ་བར་ཅི་ནས་ཀྱང་ག་ལ་ནུས། ཚིག་དོན་ཅུང་ཟད་གཅིག་ཀྱང་མི་གོ་ཡང་སྒྲས་ཟིན་གྱི་ཚིག་ལ་འགལ་འདུར་སྣང་བ་དེ་དག་འགལ་མེད་ལྟ་བུར་སྒྲུབ་ཁུལ་བྱས་པ་འདི་མཁས་མཛངས་རྣམས་ཀྱི་སྤྱན་སྔར་བསྟན་བཤིག་ལྟ་བུར་གཟིགས་སྲིད་པས་བྱམས་པའི་ཨ་མར་བུ་ཡིས་འཁང་ཚིག་སྨྲས་པ་བཞིན་ཐུགས་ནས་ཡལ་བར་མི་དོར་བར་རྗེས་བཟུང་མཛད་དུ་གསོལ། གལ་ཏེ་བཤེས་གཉེན་སྟོན་པའི་བྱིན་བརླབས་འཇུག་པའི་ཚིག་རེ་གཉིས་ཙམ་ཡོད་ཚེ། འདི་ནི་བཤེས་གཉེན་སྟོན་པ་ཉི་བྱེད་འདྲ་བ་འདིའི་ཐུགས་རྗེ་ཉག་གཅིག་གི་མཐུ་ལ་བརྟེན་ནས་བྱུང་བས་དགེ་རྩ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གང་ཉིད་ནས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག།
སླར་སྨྲས་པ།
རིགས་ཚོགས་གྲངས་ལ་དཔྱད་པའི་འཆལ་གཏམ་འདིར།།
ནོངས་པའི་ཚོགས་མཆིས་སྤྱན་སྔར་འཆགས་པ་དང་།།
བཤེས་གཉེན་སྟོན་པ་དགྱེས་པའི་ཟིན་ཐོ་ཙམ།།
དེང་འདིར་དགའ་བས་བྲིས་པས་དགེ་ཀུན་བསྔོ།།
ཞེས་ལྷ་རྩེ་ཆོས་སྡེ་དགོན་གྱི་སློབ་གཉེར་བའི་གྲལ་མཐར་འཁོད་པ་བློ་བཟང་དགེ་ལེགས་ཀྱིས་རབ་བྱུང་ལོ་གསར་ཉིན་ཤག་སྒོར་ཡང་སྟེང་དུ་སྤྲོ་བས་བྲིས་པ་དགེའོ།། དགེ་ལེགས་འཕེལ།
དཔྱད་རྩོམ་འདིར་ལུང་འདྲེན་བྱས་པའི་དཔྱད་གཞི་ཡིག་ཆ་ཁག་གི་མཚན་བྱང་། དཔེར་བསྐྲུན་བྱ་ཡུལ། ཤོག་གྲངས་བཅས་གཤམ་གསལ།
རྒྱུད་སྡེ་སྤྱི་རྣམ།— སེར་གཙུག་པར་མ། — ཤོག་གྲངས།༼༢༩
གསེར་ཕྲེང་།—སེར་གཙུག་པར་མ། པོད་ཙ། ཤོག་གྲངས།༼༥
འཐད་པའི་རྒྱན། — འཕྲུལ་དེབ། ཤོག་གྲགས།༼༨
རྗེ་བཙུན་ཕར་ཕྱིན། — སེར་གཙུག་པར་མ། ཤོག་གྲངས།༼༡༠
ཀུན་མཁྱེན་ཕར་ཕྱིན། — སེར་གཙུག་པར་མ། ཤོག་གྲངས།༼༤
པན་ཆེན་དབུ་མའི་སྤྱི་དོན།—སེར་གཙུག་པར་མ། ཤོག་གྲངས།༼༢
ཕར་ཕྱིན་སྡོམ་ཚིག། — སེར་གཙུག་པར་མ། ཤོག་གྲངས།༼༥༩
རྩ་ཤེས་ཊིག་ཆེན།—སེར་གཙུག་རྩ་འགྲེལ་སྦྲགས་མ། ཤོག་གྲངས།༼༥
རྒྱུད་སྡེ་སྤྱི་རྣམ། — སེར་གཙུག་པར་མ། ཤོག་གྲངས།༼༣༩
དབུ་མ་ཚིག་གསལ། — འཕྲུལ་དེབ། ཤོག་གྲངས།༼༥༦༨
རྒྱུད་སྡེ་སྤྱི་རྣམ། — འཕྲུལ་དེབ། ཤོག་གྲངས།༼༣༢
ལེགས་བཤད་སྙིང་པོ། — སེར་གཙུག་པར་མ། ཤོག་གྲངས།༼༡༠༤
རྒྱུད་སྡེ་སྤྱི་རྣམ། — སེར་གཙུག་པར་མ། ཤོག་གྲངས།༼༤༠
དབུ་མ་རྒྱན་དཀའ་འགྲེལ། — འཕྲུལ་དེབ། ཤོག་གྲངས།༼༡༧༢
རྒྱུད་སྡེ་སྤྱི་རྣམ། — སེར་གཙུག་པར་མ། ཤོག་གྲངས།༼༣༩
ཀློག་པ་པོ་ལགས་འཕྲིན་སྟེགས་ལ་དོ་ཁུར་རེ་གནང་རོགས།