༄༅། །ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ངེས་འཛིན་ཅུང་ཟད་བཤད་པ།
_____ཤེབ་རབ་བསྟན་འཛིན།
འདྲེན་པ་མཆོག་དེ་མི་རྗེད་ཞིང་འདིར་འགྲོ་བའི་དོན་ཀུན་ཐར་ཕྱིན་ཏེ། །
མྱ་ངན་འདས་རྗེས་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་ཐོགས་མེད་བྱོན་པ་དང་། །
ཀུན་མཁྱེན་སྤྱན་གྱིས་གསུངས་རབ་ཀུན་གྱི་དགོངས་པ་ཡོངས་རྫོགས་འགྲེལ་མཛད་ནས། །
དེ་དག་གཞུང་ལ་ཚད་མར་གྱུར་པ་འཇམ་མགོན་ཡབ་སྲས་ཀུན་ལ་འདུད། །
ཚུལ་མིན་སྤྱོད་པར་རྒྱུན་ཆགས་སྡོམ་པ་ཡིས།།
ཉེས་ལྟུང་སྤྱོད་ངན་ལས་འདས་ཞི་ཞིང་དུལ།།
ཉམས་ཐག་འགྲོ་བ་བྱམས་ཀྱི་སྐྱོངས་མཁས་པ།།
དོན་ལྡན་བཤེས་གཉེན་དམ་པར་སྙིང་ནས་འདུད།།
དེ་ཡང་བོད་སྔ་རབས་པ་རྣམས་ཀྱིས་ཤིང་རྟའི་སྲོལ་འབྱེད་ལ་བཞིར་གྲངས་ངེས་པ་བཞེད་དེ། སློབ་དཔོན་ཕྱོགས་གླང་དང་། གནོད་འཇོམས་མཁན་པོ། སློབ་དཔོན་ཀླུ་སྒྲུབ། རྗེ་བཙུན་བྱམས་མགོན་དང་བཅས་བཞིར་བཞེད་པའི་ཕྱིར། སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི། རིམ་པ་ལྟར་བརྒྱད་སྟོང་དོན་བསྡུས་དང་། ཡུམ་གསུམ་གནོད་འཇོམས། དབུ་མ་རིགས་ཚོགས། མངོན་རྟོགས་རྒྱན་བཅས་སོ།།
རྗེ་བཙུན་ཙོང་ཁ་པ་ཡབ་སྲས་རྣམས་ཀྱིས་ཤིང་རྟའི་སྲོལ་འབྱེད་ལ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲངས་ངེས་པར་བསྒྲུབ་པས་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་སུ་བཞེད་པའི་ཕྱིར།
འཕགས་པ་ཀླུ་བསྒྲུབ་ཀྱིས་ཤིང་རྟའི་སྲོལ་ཕྱེ་ཚུལ་ནི། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་སུ་སྟོན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་ལྟར་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ངེས་པའི་དོན་ཞེས་བྱའོ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་ཡུམ་གྱི་མདོ་དང་དེ་དང་རྗེས་སུ་མཐུན་པའི་མདོ་རྣམས་ཀྱིས་སྟོང་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པས་དེ་དག་ངེས་དོན་དུ་བསྒྲུབ་པ་དང་། ཟབ་མོ་དབུ་མའི་ལྟ་བ་མི་སྟོན་པའི་མདོ་རྣམས་དྲང་དོན་དུ་བཀྲལ་བའི་སྒོ་ནས་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནོ། ། འོ་ན། རྗེ་བཙུན་བྱམས་མགོན་ཡང་ཤིང་རྟའི་སྲོལ་བྱེད་དུ་ཐལ། ཡུམ་གྱི་མདོའི་སྦས་དོན་མངོན་རྟོག་ཀྱི་རིམ་པ་ཐོག་མར་སྲོལ་ཕྱེ་མཁན་དེ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་མངོན་རྟོགས་རྒྱན་ལས་དེ་ལྟར་ཕྱེ་བའི་ཕྱིར། ཁྱབ་ཏེ། མགོན་པོ་ཀླུ་བསྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཐོག་མར་ཕྱེ་བས་དེ་སྲོལ་འབྱེད་དུ་འཇོག་པའི་ཕྱིར་ཟེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་འཁོར་ལོ་གསུམ་ལ་དྲང་ངེས་ཕྱེ་བའི་སྒོ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཐད་པ་སྒྲུབ་བྱའི་གཙོ་བོར་བྱས་ན་སྲོལ་ཕྱེ་བ་ཡིན་ལ། རྗེ་བཙུན་གྱི་བསྟན་བཅོས་མངོན་རྟོགས་རྒྱན་ལས་སྦད་དོན་མངོན་རྟོགས་ཀྱི་རིམ་པ་ཙམ་བཀྲལ་ཡང་འཁོར་ལོ་གསུམ་ལ་དྲང་ངེས་དངོས་སུ་ཕྱེ་བ་མེད་པའི་ཕྱིར། གཞན་ཡང་། རྗེ་བཙུན་མིའི་རྟེན་ཅན་གྱི་བྱང་འཕགས་ཡིན་པ་ཐལ། ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། ཁྱབ་སྟེ། ༧པན་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་མཛད་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་དྲིས་ལན་ལས། དེས་ན་ཤིང་རྟའི་སྲོལ་འབྱེད་ཡིན་ན་རྒྱལ་བའི་གསུངས་རབ་ཀྱི་དོན་འགྲེལ་བྱེད་གཞན་གྱི་བཀྲལ་བ་ལ་མ་ལྟོས་པ་རང་སྟོབས་ཀྱི་འགྲེལ་བའི་མིའི་རྟེན་ཅན་ཡིན་པ་ཞིག་དགོས་ལ། ཞེས་གསུངས་པའི་ཕྱིར། འོན་ཀྱང་གསེར་ཕྲེང་ལས་གནོད་འཇོམས་མཁན་པོ་དང་སློབ་དཔོན་ཕྱོགས་གླང་གཉིས་ཤིང་རྟའི་སྲོལ་འབྱེད་ཡིན་པ་བཀག་ལ་རྗེ་བཙུན་བྱམས་མགོན་དང་མགོན་པོ་ཀླུ་བསྒྲུབ་གཉིས་མ་བཀག་པ་ནི། དགོངས་འགྲེལ་གྱི་བསྟན་བཅོས་གཞན་ལ་མ་ལྟོས་པ་ཡུམ་གྱི་མདོའི་དགོངས་པ་རང་སྟོབས་ཀྱི་བཀྲལ་བས་མིན་ནམ་སྙམ། མགོན་པོ་ཀླུ་བསྒྲུབ་ཀྱི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི། དབུ་མ་རིགས་ཚོགས་དྲུག་གོ རིགས་ཚོགས་དྲུག་ནི་དབུ་མ་རྩ་བ་ཤེས་རབ་དང་། ཞིབ་མོ་རྣམ་འཐག རྩོད་ཟློག རིགས་པ་དྲུག་བཅུ་པ། སྟོང་ཉིད་བདུན་བཅུ་པ། རིན་ཆེན་ཕྲེང་བ་བཅས་ཡིན་ནོ།། དབུ་མ་པའི་ཤིང་རྟའི་སྲོལ་འཛིན་ནི་སློབ་དཔོན་འཕགས་པ་ལྷ་དང་། སློབ་དཔོན་དཔའ་བོ། སློབ་དཔོན་སངས་རྒྱས་བསྐྱངས། སླབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའོ།། ཕྱིས་སུ་དབུ་མ་པ་དེ་ལ་ལང་སྲོལ་འཛིན་རྣམས་ཀྱིས་རྩ་ཤེས་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་སྒོ་ནས་གཉིས་སུ་གྱེས་པ་ཡིན་ཏེ། དབུ་མ་ཐལ་འགྱུར་བ་དང་རང་བརྒྱུད་པ་གཉིས་སོ།། དབུ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ནི་སློབ་དཔོན་ཟླ་བ་གྲགས་པ་ཡིན་ལ། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ནོ།། མཁས་པ་འགའ་ཞིག་གི་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཏེ། རྩ་ཤེས་ཀྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་ཁན་ཐོག་མ་དེ་ཡིན་པའི་ཕྱིར། ཞེས་གསུངས་ཀྱང་ཁྱབ་པ་མེད་དེ། སློབ་དཔོན་སངས་རྒྱས་བསྐྱངས་ནི་རྩ་ཤེས་དགོངས་པ་ཐལ་འགྱུར་དུ་འགྲེལ་མཁན་ཐོག་མ་དེ་ཡིན་ཀྱང་དེ་ཙམ་གྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བསྒྲུབ་མི་ནུས་པའི་ཕྱིར་ཏེ། རང་རྒྱུད་མི་འཐད་ཅིང་ཐལ་འགྱུར་འཐད་པ་དེ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཡིན་ལ། སྲོལ་དེ་ཕྱེ་ཁན་ཡིན་ན་རང་བརྒྱུད་མི་འཐད་ཅིང་ཐལ་འགྱུར་འཐད་པའི་སྒྲུབ་བྱེད་ཀྱི་རིགས་པ་མང་དུ་སྟོན་དགོས་པ་དང་ལྡོག་ཕྱོགས་ལ་གནོད་བྱེད་མང་དུ་སྟོན་དགོས་པ་ལས་སངས་རྒྱས་བསྐྱངས་ཀྱི་དེ་ལྟར་མ་བསྟན་པའི་ཕྱིར། དེར་ཐལ། རྒྱལ་བ་དགེ་འདུན་རྒྱ་མཚོས་དབུ་མ་ལས། ཐལ་འགྱུར་བའི་ཕྱོགས་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་འགྲེལ་པ་བུ་དྡྷ་པ་ལི་ཏ་མཛད་ནས་རྩ་ཤེས་དགོངས་པ་ཐལ་འགྱུར་དུ་ཐོག་མར་བཀྲལ་ཞིང་། དེ་ལྟ་ན་ཡང་ཐལ་འགྱུར་འཐད་ཅིང་རང་རྒྱུད་མི་འཐད་པ་སོགས་ཀྱི་རྣམ་དབྱེ་མ་མཛད་དོ།། ཞེས་གསུངས་པའི་ཕྱིར། ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དང་དབུ་མ་འཇུག་པ་རྩ་འགྲེལ་རྣམས་ཡིན་ནོ།། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོ་དང་འགྲེལ་པ་རྟེག་གེ་འབར་བ་རྣམས་ཡིན་ནོ།། དབུ་མ་རང་རྒྱུད་པ་ལ་འང་མདོ་སྡེ་སྤྱོད་པ་བ་དང་རྣལ་འབྱོར་སྤྱོད་པ་བའི་དབུ་མ་པ་གཉིས་ཡོད་དོ། ། དང་པོ་སློབ་དཔོན་ལེགས་ལྡན་འབྱེད་གྱི་བཀྲལ་བ་ལྟར་ཡིན་ལ། གཉིས་པ་ནི་སློབ་དཔོན་ཞི་བ་ཚོས་བཀྲལ་བ་ལེགས་བཤད་སྙིང་པོ་ལས་གསུངས་ལ། ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི་དབུ་མ་རྒྱན་ལ་སོགས་པ་ཡིན་ནོ། །
སློབ་དཔོན་ཐོགས་མེད་ཀྱིས་ཤིང་རྟའི་སྲོལ་འབྱེད་ཚུལ་ནི། མདོ་སྡེ་དགོངས་འགྲེལ་ནས་བྱུང་བའི་མཚན་ཉིད་གསུམ་གྱི་དྲིས་ལན་གྱི་མདོ་རྣམས་ལ་བརྟེན་ནས་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་བདེན་པར་མེད་པ་ཡུམ་གྱི་མདོའི་དགོངས་པ་གཙོ་བོ་ཡིན་པ་སྒྲུབ་པ་དང་། འཁོར་ལོ་གསུམ་ལ་དྲང་ངེས་གསལ་བར་ཕྱེ་བའི་སྒོ་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནོ། །ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི་ས་སྡེ་ལྔ་དང་སྡོམ་རྣམས་གཉིས་སོ།། ས་སྡེ་ལྔ་ནི། སའི་དངོས་གཞི། གཞི་སྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་སོ། །སྡོམ་རྣམས་གཉིས་ནི་ཐེག་པ་མཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས་དང་ཐེག་ཆེན་མཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་གཉིས་སུ་ཡོད་པའི་ཕྱིར། སེམས་ཙམ་པས་ཤིང་རྟའི་སྲོལ་འཛིན་ནི། སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་བློ་བརྟན། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་ཀྱི་གྲགས་རྣམས་སོ། སེམས་ཙམ་པ་དེ་ལའང་གཉིས་སུ་ཡོད་དེ། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང་། རིགས་པའི་རྗེས་འབྲང་གི་སེམ་ཙམ་པ་གཉིས་སུ་ཡོད་པའི་ཕྱིར། ཡང་སེམས་ཙམ་པ་ལདབྱེ་ན། སེམས་ཙམ་པ་རྣམ་བདེན་པ་དང་། སེམས་ཙམ་པ་རྣམ་རྫུན་པ་གཉིས་སུ་ཡོད་ལ། དེ་དག་གི་ཁྱད་པར་ནི་གཞུང་ཁུངས་ཐུབ་རྣམས་ལ་བརྟེན་ནས་བཤད་དགོས་ནའང་འདིར་དེ་ཙམ་ལས་འཆད་མི་ནུས་སོ། །
བྱམས་རྩེའི་བདག་ཉིད་དྲིན་ཆེན་བླ་མ་ཡིས། །
མ་འགྱུར་འགྲོ་བ་ནམ་ཡང་མི་གཏོང་བས། །
ཚེ་རབས་ཀུན་ཏུ་བདག་ཀྱང་རྗེས་གཟུང་ནས། །
བདུད་རྩིས་གསུངས་རྒྱུན་ཆད་མེད་མྱོང་བར་ཤོག །
ཅེས་པ་འདི་ཡང་༧དྲིན་ཆེན་བཤེས་གཉེན་གྱིས་དབུ་མ་དགོངས་པ་རབ་གསལ་གྱི་བཀའ་ཁྲིད་གནང་བ་འགོ་ཚུགས་པའི་ཉིན་དང་པོར། ཀླུ་སྒྲུབ་འཕགས་པ་ལྷ་ཡི་གྲུབ་པའི་མཐའ། །ཤིང་རྟ་ཆེན་པོ་གསུམ་གྱི་བཀྲལ་བ་ཉིད། །ཅེས་སོགས་ཀྱི་སྐབས་སུ་ཤིང་རྟའི་སྲོལ་འབྱེད་ཀྱི་གཞུང་ཚན་འདི་ཡང་ཤིན་ཏུ་གནད་ཆེ་བར་གཟིགས་ནས་འཛིན་གྲོགས་ཡོངས་ལ་ཤིང་རྟའི་སྲོལ་འབྱེད་ཀྱི་སྐོར་ལ་དཔྱད་རྩོམ་རེ་འབྲི་དགོས་པ་བཀའ་སྩལ་བས་ཤེས་རབ་བསྟན་འཛིན་གྱིས་བྲིས་པའོ།།
ཀློག་པ་པོ་ལགས་འཕྲིན་སྟེགས་ལ་དོ་ཁུར་རེ་གནང་རོགས།