“གྱོད་ཆུང”ལ་དམིགས་ནས་དམངས་ཆེད་བརྩེ་སེམས་མངོན།
དབང་ཆ་དམངས་ཆེད་སྤྱོད། བརྩེ་བ་དམངས་ལ་འཆང་། ཁེ་ཕན་དམངས་ལ་བསྐྲུན། མི་དམངས་ཁྲིམས་དཔོན་གྱིས་ལུས་ལ་ཁྲིམས་གོས་གྱོན་པ་དང་། སེམས་ལ་དྲང་བདེན་བཅངས་ནས། དུས་དང་རྣམ་པ་ཀུན་ཏུ“མི་དམངས་ཁྲིམས་དཔོན་གྱིས་དམངས་ཆེད་ལས་དོན་སྒྲུབ་པའི”ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཁྱིམ་ཚང་གི་དོན་དག་ཆུང་ཙག་ཐག་གཅོད་བྱེད་རོགས་བྱས་ཏེ་དྲང་བདེན་དངོས་འབྲེལ་མཐོང་ཐུབ་པ་ཧུར་ཐག་བྱས་ཡོད།
ཉིན་ཞིག་གི་ཞོགས་པར། སྙན་རོང་རྫོང་ཉི་མ་ཤང་དུ་འཚོ་བ་སྐྱེལ་བཞིན་པའི་བགྲེས་སོང་བཀྲ་ཤིས(མིང་ཚབ)སྙན་རོང་རྫོང་མི་དམངས་ཁྲིམས་ཁང་དུ་ཡོང་ནས་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་བསོད་ནམས་ཆོས་སྐྱིད་ལ་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཕུལ་བ་དང་འབྲེལ། སེམས་འགུལ་ཆེན་པོ་ཐེབས་བཞིན“ང་ལ་གཡར་དངུལ་ཚང་མ་རག་བྱུང”ཞེས་བཤད།
གོས་དར་དེ་ལས་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་ཆེད་བྱ་བ་དངོས་བསྒྲུབས་པའི་གཏམ་རྒྱུད་ཅིག་མཚོན་གྱི་ཡོད།
བགྲེས་སོང་བཀྲ་ཤིས་ཀྱི་བུས་དེ་སྔ་དཔལ་མགོན་རྫོང་གི་ཤང་གྲོང་ཞིག་གི་ཡུལ་མི་དོན་གྲུབ(མིང་ཚབ)ལ་དངུལ་སྒོར་ཁྲི་5གཡར་ཡོད་ཀྱང་ཕར་ཕྱོགས་ཀྱིས་དུས་བཀག་ལྟར་སྐྱིན་པ་སྤྲད་མེད། ཆག་སྒོ་གཅིག་ཐོག་ཉིས་བརྩེགས་ཞེས་པའི་དཔེ་ལྟར། སྟབས་མི་ལེགས་པ་ཞིག་ལ་བགྲེས་སོང་བཀྲ་ཤིས་ཀྱི་བུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་གིས་རྐྱེན་པས་ཚེ་ལས་འདས། མ་གཞི་ཚེ་མཇུག་སྐྱིད་པོ་སྐྱེལ་བའི་དུས་བཟང་དེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཀྱིས་རྐྱེན་པས་ལམ་ལྷོངས་བྱུང་མེད། རྒན་སྐྲ་དཀར་གྱིས་གཞོན་སོ་དཀར་དུར་འཇུག་བྱེད་པ་ནི་སྡུག་བསྔལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ད་དུང་དཀའ་ཚེགས་ཆེན་པོས་བུ་ལོན་ཡང་འདེད་དགོས་ཀྱི་ཡོད།
འབྲེལ་གཏུག་ཐེངས་ཁ་ཤས་བྱས་རྗེས་དོན་གྲུབ་ཀྱིས་བགྲེས་སོང་བཀྲ་ཤིས་ལོ་ཆེ་ལ་བརྟེན་ས་མེད་པས་བུ་ལོན་བྱོལ་རྩིས་བྱས། བགྲེས་སོང་བཀྲ་ཤིས་ཀྱིས་ཁྲིམས་སྐྱོང་ལ་རེ་སྒུག་ཆེན་པོ་བཅངས་ཏེ་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་དུ་ཐག་གཅོད་བྱ་ཐབས་འཚོལ་བར་ཡོང་། གནས་ཚུལ་ཤེས་རྗེས། སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཤར་གཏོང་བགྲོད་ལམ་བཀོད་སྒྲིག་བྱས་པ་དང་སྦྲགས། མྱུར་དུ་ཁྲིམས་དཔོན་ལ་སྒྲུབ་གཉེར་སྣེ་ལེན་བྱ་རྒྱུའི་བཀོད་སྒྲིག་བྱས། སྣེ་ལེན་ཞུ་རིང་། བགྲེས་སོང་བཀྲ་ཤིས་ལ་རོགས་རམ་བྱེད་མཁན་མེད་པས་སྒྲུབ་གཉེར་བྱེད་འགན་འཁུར་མཁན་ཁྲིམས་དཔོན་བསོད་ནམས་ཆོས་སྐྱིད་ཀྱིས་ནན་ཏན་ངང་ཉན་ནས་འགལ་བའི་འབྱུང་ཁུངས་ཧུར་ཐག་བཙལ་བ་དང་ཆབས་ཅིག ངང་རྒྱུད་རིང་པོས་སེམས་གསོ་བཏང་སྟེ་བགྲེས་སོང་བཀྲ་ཤིས་ལ་ཁྲིམས་འཛིན་གྱི་དྲོ་སྐྱིད་དང་སེམས་ཁུར་དངོས་འབྲེལ་ཚོར་དུ་བཅུག་ཡོད།
གང་སར་ཁྲིམས་སྐྱོང་གི་འོད་སྣང་འཕྲོ་བར་བྱེད་པ་ནི་ཁྲིམས་ཁང་གི་རྒྱུན་གཏན་ལས་དོན་ཞིག་ཡིན་ཞིང་། བསོད་ནམས་ཆོས་སྐྱིད་ཀྱིས་དམངས་ཆེད་ཁྲིམས་འཛིན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དཔལ་མགོན་རྫོང་གི་ཤང་གྲོང་ཞིག་ཏུ་ཐེངས་མང་བསྐྱོད་དེ་དོན་གྲུབ་ལ“ཁྱིམ་གྱི་སྒོ་འགྲམ་དུ་འཚམས་འདྲིར་བསྐྱོད་པའི”རྣམ་པའི་ཐོག་ནས་ངང་རྒྱུད་རིང་པོས་གནས་ལུགས་བཤད།
སྟེར་དབང་གི་བསམ་ཚུལ་འཆང་མཁན་དོན་གྲུབ་ལ་བསོད་ནམས་ཆོས་སྐྱིད་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་དང་ཁྲིམས་ལུགས་འགྲེལ་བཤད་ནན་པོ་བརྒྱབ་པ་བརྒྱུད། ཁོ་པས་འོས་འགན་སྒྲུབ་པའི་དགོས་པ་ཤེས་པ་དང་། མཐར་དོན་གྲུབ་ཀྱིས་རང་འགུལ་ངང་བགྲེས་སོང་བཀྲ་ཤིས་ལ་དུས་བགོས་གཡར་དངུལ་སྤྲོད་རྒྱུའི་རེ་བ་ཞུས།
གོས་དར་སྤྲོད་ཡུལ་དུ་བགྲེས་སོང་བཀྲ་ཤིས་ཀྱིས་བསོད་ནམས་ཆོས་སྐྱིད་ཀྱི་ལག་པ་ནས་དམ་པོར་འཇུས་ཏེ་དགའ་སྤྲོའི་ངང་ཐུགས་རྗེ་ཆེ་ཞུས་པ་རེད།
记 者:仓果
编 辑(一审):才仁拉珠
责 编(二审):国 吉
审 核(三审):索 朗