ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།
དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས18དང་། གཟའ་ཟླ་བ་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་
གསན་གཟིགས་གནང་བར་དགའ་བསུ་ཞུ།
1
2
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11པའི་ཚེས17ཉིན། ལིས་ཡོལ་རེ་ནེ་ལུའུ་ལ་ཕེབས་ཏེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དགུ་པར་ཞུགས་པ་དང་། པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞ་ཅིན་ཕིང་གིས་པར་ཙིར་གྱི《ཧྲིན་པའོ་ལུའོ་ཚགས་པར》སྟེང༼ལེ་དབར་ཁྲི་ཡི་བདེ་སྡུག་མཉམ་མྱོང་དང་། ལག་གདང་སྦྲེལ་ཏེ་གོམ་གང་མདུན་དུ་སྤོ༽ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།
3
རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་མོའི་རྩད་ཞིབ་གྲུ་གཟིངས་དང་པོ“ཕུགས་འདུན”རྟགས་ཅན་དེ་ཚེས17ཉིན་ཀོང་ཀྲོའུ་རུ་དངོས་སུ་དཔུང་ཞུགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
4
ཟླ11པའི་ཚེས16ཉིན། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་གཉིས་ཀྱིས་ཟི་ལིང་དུ་མཉམ་ལས་ཟབ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་།
5
ད་ལོ་རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི4500ལྷག་ཙམ་ཟིན་པ་དང་། ལོ་བཞི་ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
6
ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོ་རིམ་རྩིས་བྱས་ན་ཁག་དུང་ཕྱུར1555ལེགས་འགྲུབ་བྱས་པ་དང་། དེ་དུས་མཚུངས་ལས19.9%འཕར་ཡོད་པ་རེད།
7
ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། སྐད་ཡིག་རིག་པའི་གཙོ་གནད་ཚོད་ལྟ་ཁང་ལ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས།
8
ཟླ11པའི་ཚེས17ཉིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་བྱ་ཡིན་པའི་མི་རིགས་རྩོམ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང”ཞེས་པའི་བཞུགས་མོལ་ཚོགས་འདུ་ཀོང་ཞིས་ནན་ཉིང་དུ་འཚོགས་ཡོད་པ་རེད།
9
༼འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབས༽བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་གཏན་འབེབས(བསམ་འཆར་བསྡུ་ལེན་ཡིག་ཆ)༽ཁྱབ་བསྒྲགས་བྱས་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་མཐོ་ཤོས་དེ་ལོ63བར་ཇེ་རིང་དུ་གཏོང་རྩིས་ཡོད་པ་རེད།
10
ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར10.41ཟིན་པ་དང་། དེ་དུས་མཚུངས་ལས་11.2%འཕར་ཡོད་པ་རེད།
11
ཚེས18ཉིན་གྱི་ཆུ་ཚོད08ནས་ཚེས19ཉིན་གྱི་ཆུ་ཚོད20ཡི་བར་དུ། ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ། དར་ལག པད་མ། གཅིག་སྒྲིལ་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པའི་གནམ་གཤིས་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་སྤྲིན་པ་མང་བའམ་གནམ་ཐང་རྒྱུ་རེད།
རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།
སྙན་སྒྲོན་པ། རིན་ཆེན་མཚོ།
རྩོམ་སྒྲིག་འགན་ཁུར་བ། དཔའ་གོ