ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

政务   2025-01-07 20:29   西藏  

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་ཁང་པ་མང་པོ་ལོག་ཡོད་པ་རེད། 
    ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། དེར་བརྟེན་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། ཞོར་ཐོན་གནོད་འཚེ་བཀག་འགོག གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཡོམ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་དང་། ཉེན་སེལ་རོགས་སྐྱོབ་ཀྱི་དངོས་ཟོག་དུས་ཐོག་ཏུ་གཏོང་སྤྲོད། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བཟོ་བར་དམ་འཛིན། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་གསུངས་དོན། གནོད་འཚེ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཞིབ་དཔྱད་ལ་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ཞོར་ཐོན་གནོད་འཚེ་སྣ་ཚོགས་ལ་དོགས་ཟོན་བཅས་བྱས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས། ས་ཡོམ་གྱི་གེགས་ཁུལ་ནི་ས་མཐོའི་མཐོ་གྲང་ཁུལ་དུ་ཡིན་ལ་དགུན་ཨ་རང་ད་རང་ཡིན་པས། ཐབས་བརྒྱ་ཇུས་སྟོང་ངང་གེགས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་བྱེད་དགོས།
    ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་འཕྲལ་མར་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཐོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གྱི་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་ཞུས་པ། བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་མི་སྣ་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་བཞིན་ཡོད་པ་རེད། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། 

终审:黄 思 珍
复审:牛     枭
初审:次仁央吉
编辑:彭    琼
来源西藏日报藏文媒体

扫码关注亚东发布了解更多亚东新闻

亚东县权威发布
亚东县官方信息发布
 最新文章