སྒྲ་ཐག▶བདུད་བྷེ། གངས་ཅན་འཇམ་དབྱངས་རྣམ་གསུམ། གླུ་ཚིག

体娱   音乐   2024-06-19 22:35   青海  









2000ལོའི་ཆེད་བསྒྲིགས།

mp3སྒྲ་འཇུག་པ། ཡར་ཀླུང་གཙང་བོ། ······






8
གླུ་ཚིག
གངས་ཅན་འཇམ་དབྱངས་རྣམ་གསུམ།

ཚིག སྤྲོས་པ།
དབྱངས། སངས་རྒྱས་བཀྲ་ཤིས།
རྡུང་ལེན་མཁན། བདུད་བྷེ།

གངས་ཅན་མཁས་པའི་གཙུག་རྒྱན་ཀློང་ཆེན་པ། །
སྔ་འགྱུར་བསྟན་པའི་ཤིང་རྟ་ཀློང་ཆེན་པ། །
རྫོགས་པའི་སངས་རྒྱས་དངོས་བྱོན་ཀློང་ཆེན་པ། །
ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། །
 
འཕགས་ཡུལ་གངས་ཀྱི་རི་ལ་འཕྱོ་བ་ཡི། །
འཕྲོག་བྱེད་སེང་གེ་དཀར་མོ་སྲབ་མེད་པའི། །
ཆིབས་ཀྱི་ཁ་ལོ་བསྒྱུར་བའི་སྟོབས་ཀྱི་བུ། །
འཇམ་མགོན་རིག་པའི་དཔའ་བོ་རྒྱལ་གྱུར་ཅིག །
 
བསླབ་གསུམ་རྒྱན་དུ་མཛེས་པའི་གྲགས་དཀར་གྱིས། །
ངུར་སྨྲིག་རྒྱལ་མཚན་འཛིན་ལ་དབང་བསྒྱུར་བ། །
ཞྭ་སེར་བསྟན་པའི་ཉི་མ་ཙོང་ཁ་བ། །
བློ་བཟང་གྲགས་པ་གཙུག་ན་རྒྱལ་གྱུར་ཅིག །
 
འཆད་པའི་ངག་ལ་དབང་བའི་ཙོང་ཁ་བ། །
རྩོད་པའི་གད་རྒྱང་སྒྲོག་པའི་ས་སྐྱ་བ། །
རྩོམ་པའི་གཏེར་ལ་དབང་བའི་ཀློང་ཆེན་པ། །
གངས་ཅན་འཇམ་དབྱངས་རྣམ་གསུམ་གཙུག་ན་རྒྱལ། །

༄༅། །ལ་རྒྱའི་རྡོ་རིང་ཆེན་མོ་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཁྲོ་ཁོའི་བདུད་འདུལ་རྡོ་རྗེའི་མཛད་རྗེས་ཉུང་ཙམ་གླེང་བ།

རྫ་ཤུལ་བློ་བཟང་རྒྱ་མཚོས།



གླེང་གཞི།

རྨ་ཀླུང་སྔོན་མོ་དལ་གྱིས་བབས་པའི་ཁུགས་སོ་དང་པོ་སྟེ་གླིང་ས་མཐོང་བ་ཀུན་སྨོན། སྤང་ལྗོངས་ཡངས་པོ་མིག་ཞགས་ཀྱིས་མི་ཟིན་པའི་འབྲོག་པའི་རྩྭ་ཐང་ཆེན་མོ། རྟ་ནོར་ལུག་གསུམ་ཐང་མར་བརྡལ་སའི་ཁྲོ་སྨད་གཡང་གི་ར་བ་ནས་ལང་ཚོ་ལ་གསོན་ཤུགས་རྒྱས་ཤིང་། གངས་རི་ལ་བཀྲག་མདངས་སྐྲུན་པའི་གདངས་དབྱངས་སྙན་མོ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འཁྱིལ་བའི་ཚངས་ཆེན་སྲས་མོའི་མཆེད་ཟླ། གདོང་དམར་བོད་པའི་བདེ་སྡུག་དང་མ་འོངས་པའི་ཕུགས་མདུན་སོགས་ཕ་སྐད་གཙང་མའི་དྲུག་འགྱུར་དབྱངས་ལ་འགུགས་པའི་ལ་རྒྱའི་གླུ་བ། མི་རིགས་མཐུན་སྒྲིལ་དང་རིག་གནས་སློབ་གསོ་ལ་ཡང་དག་ལམ་བཟང་བསྐྲུན་པའི་གངས་ལྗོངས་གླུ་བའི་ཁྱུ་མཆོག ཆོལ་གསུམ་བོད་པའི་རྡུང་ལེན་སྒྱུ་རྩལ་འདི་ཉིད་གངས་རིའི་ཕྱི་ནང་ཡོངས་ལ་སྒྲག་པའི་ཨ་མདོའི་ཕོ་རྒོད། ཁྱོད་ལ་བྲིས་མི་ཚར་བའི་ལོ་རྒྱུས་དང་། བརྗོད་མི་ཚར་བའི་མཛད་འཕྲིན་མོད་ལ། ཁྱོད་ནི་དུས་ནམ་ཡང་བོད་པ་ཚང་གི་སྙིང་གི་རྡོ་རིང་དང་། མིག་གིས་བལྟ་ས་ཡང་ཡིན་པས། ཁྱོད་ཀྱི་གླུ་སྐད་དང་མི་གཤིས། སྙིང་སྟོབས་དང་སྤོབས་སེམས་བཅས་ལ་རྗེས་སུ་ཡི་རང་དང་བསྟོད་བསྔགས་འབུལ་བཞིན་ཡོད། ཅེས་གངས་རིའི་ཕྱི་ནང་ཡོངས་ལ་མིང་དུ་གྲགས་པའི་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཆེན་མོ་ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་གདུ་བྷེའི་མཛད་རྗེས་ཉུང་ཙམ་གླེང་བ་ལ་གསུམ་ལས། དང་པོ་སྐྱེ་ཡུལ་ཆེ་ལོང་ཙམ་བརྗོད་པ་དང་བྱིས་དུས་གླེང་བ། གཉིས་པ་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཏུ་གྱུར་ཚུལ། གསུམ་པ་སྐུ་འདས་རྗེས་གངས་རིའི་ཕྱི་ནང་ཡོངས་ལ་གྲགས་འགུལ་སློང་ཚུལ་དང་གསུམ་མོ། །


དང་པོ། སྐྱེ་ཡུལ་ཆེ་ལོང་ཙམ་བརྗོད་པ་དང་བྱིས་དུས་གླེང་བ།


ལྷ་གཅིག་ཕྱག་ན་པད་མོའི་ཐུགས་རྗེ་དར་དཀར་མདུད་པས་རིང་དུ་བཅིངས་པའི་ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་ལས་མདོ་སྨད་མགྱོགས་འགྲོ་རྟ་ཡི་ཆོལ་ཁ་སྟེ་རྨ་ཀླུང་གསེར་ལྡན་སྒེག་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་ཁུགས་སོ་དང་པོ། སེང་ཆེན་ནོར་བུ་དགྲ་འདུལ་གཉོམ་ལག་རྒྱས་སའི་གླིང་ཡུལ་མཐོང་བ་ཀུན་སྨོན། མཁས་གྲུབ་ངང་མོ་བྱེ་བའི་བསྟི་གནས་ཨ་མདོ་བཀྲ་ཤིས་སྒོ་མང་ངམ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་བུ་དགོན། ཆོས་ཀྱི་སྡེ་ཆེན་པོ་མཚན་སྒྲོགས་དགོན་དགེ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་དང་། ཞལ་ཤུལ་དགོན་དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གཉིས་ཀྱི་ལྷ་སྡེ། རྡོ་རྗེ་འཆང་སྒོ་མང་མཁན་ཆེན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། གྲུབ་པའི་དབང་ཕྱུག་རྗེ་བཙུན་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས། མ་ཧཱ་པཎྜི་ཏ་རྡོ་རྗེ་འཆང་ཆེན༸ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ། གནས་བརྟན་འདུན་འཛིན་ཆེན་པོ་ཞལ་ཤུལ་སྐུ་ཕྲེང་གསུམ་པ་བློ་བཟང་ཕུན་ཚོགས་ཟླ་བ། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་རྫ་ཤུལ་དགེ་བཤེས་རྗེ་བཙུན་འཇམ་དཔལ་མཐུ་སྟོབས། རྒྱ་སྟོད་ལྷ་རམས་པ་སྐུ་ཕྲེང་སྔ་ཕྱི་གཉིས། ཁུ་ཞང་ངག་དབང་ཆོས་འཕེལ་བའི་སྤྲུལ་སྐུ་ཤེས་རབ་བསྟན་འཕེལ་སོགས་དམ་པ་མང་པོ་འཁྲུངས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག ས་གཞི་ཁོད་ཡངས་ཤིང་རྩི་ཤིང་སྨན་སྣ་མ་ཚང་བ་མེད་པ། རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་ཅིང་དུས་བཞིའི་དཔལ་ཡོན་མངོན་པར་གསལ་བ། རྟ་ནོར་ལུག་གསུམ་ཐང་མར་བརྡལ་སའི་འབྲོག་པའི་རྩྭ་ཐང་ཆེན་མོ། རང་བྱུང་འཚོ་བའི་འདབ་ཆགས་དང་རི་དྭགས་སྣ་ཚོགས་དགའ་མགུར་རྩེན་པའི་འཚེ་མེད་ཞི་བདེའི་ཞིང་ཁམས། རྩི་ཤིང་སྨན་གྱི་དྲི་ཞིམ་ཕྱོགས་ཀུན་འཐུལ་བའི་གྲོང་ཁྱེར་ལྟ་ན་སྡུག་པ། མནན་ན་ནེམ་ཞིང་བཏེགས་ན་འཕར་བའི་སྤང་ལྗོངས་གཡུ་ཡི་མེ་ལོང་། མར་ཆུར་རི་ལྟར་བརྩིགས་སའི་འབྲོག་པའི་སྡེ་ཆེན་པོ། ༼ཚོ་བ་སྨད་མ།༽ འོ་ཞོ་རྒྱ་མཚོ་བཞིན་འཁྱིལ་སའི་ཁྲོ་སྨད་གཡང་གི་ར་བ། རྒན་ལ་བཀུར་སྟི་དང་བྱིས་པ་བྱམས་ཀྱིས་སྐྱོང་སའི་ཡ་རབས་ལུགས་སྲོལ་དར་ས། སྟོབས་འབྱོར་མངའ་ཐང་ཡར་ངོའི་ཟླ་བ་དང་དབྱར་དུས་ཀྱི་མཚོ་མོ་བཞིན་འཕེལ་སའི་མདོ་སྨད་ཡུལ་གྱི་འབྲོག་པའི་སྡེ་ཆེན་པོ་འདི་ཉིད་ནི་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་བསྟན་པའི་སྦྱིན་བདག་རྩེ་གྲས་སུ་གཏོགས་པ་ཡིན་ལ། ཡུལ་དེ་ཉིད་དུ་གཉུག་མར་གནས་པའི་གཞི་བདག་མཐུ་བོ་ཆེ་ཨ་མྱེ་རྨ་ཆེན་སྤོམ་རའི་མཛོད་འཛིན་གཏེར་གྱི་བདག་པོ་གཉན་ཆེན་དངུལ་དཀར་བུམ་པའི་གཙོས་གཞི་ཡི་བདག་པོ་བྱེད་མཁན་མང་དུ་ཡོད་པ་ལས། ཡུལ་སྐྱོང་ཆེན་པོ་ཡོད་དར་མཐོན་པོའམ་སྟོབས་ལྡན་དགྲ་འདུལ་གྱི་ཉེ་འདབས་སུ། རབ་རྒྱལ་ས་སྤྲེལ༡༩༦༨ལོའི་དབྱར་ཟླ་མགོ་མའི་ཚེས་གཅིག་ལ་ཕ་བཀྲ་ཤིས་དང་མ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། དྲིན་ཕ་མའི་བཏགས་པའི་གཅེས་མིང་ལ་གདུ་བྷེ་ཟེར། ཁོ་ལ་ཆུང་དུས་ནས་གཞན་དང་ཐུན་མོང་མ་ཡིན་པའི་མགྲིན་པ་བདེ་མོ་སྙན་འཇེབས་དབྱངས་ཀྱི་གཏེར་མཛོད་དུ་གྱུར་པ་ཞིག་ཡོད་པས་དེར་གནས་སྐྱེ་བོ་ཀུན་གྱི་རྣ་བའི་དབང་པོ་ཕྲོགས་པ་ཐེངས་གཅིག་གཉིས་ཙམ་མིན། དེ་ནས་བཟུང་གདུ་བྷེ་ཞེས་པའི་བུ་ཆུང་འདི་མ་ཤེས་གོང་མིང་ཤེས་མཁན་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་ཡིན་པར་མ་ཟད། ཁྲོ་ཁོ་ལ་མཚོན་ན་རུ་སྟོད་ཀྱི་གླུ་བ་འུར་བྷེ་དང་རུ་སྨད་ཀྱི་གླུ་བ་གདུ་བྷེ་གཉིས་ཞེས་ཁྲོ་ཁོ་སྨད་མའི་ས་ཆར་མིང་གྲགས་ཅུང་ཆེ། དུས་རྒྱུན་གྱི་འབྲོག་པའི་འཚོ་བ་བྱེད་སྟངས་ལྟར་བེའུ་རྫི་དང་ཡར་རྫི་ནས་དཀར་ནག་ཕྱུགས་ཀྱི་རྫི་བོ་བྱེད་ཞོར་མཐོ་བའི་རི་རྩེ་ནས་དམའ་མོའི་ཐང་ཆེན་གྱི་བར་གདུ་བྷེའི་གླུ་སྐད་མ་ཁྱབ་ས་ཞིག་མེད་ཚོད་འདུག ཡིན་ན་ཡང་དེ་དུས་ཁོས་ཡི་གེ་མི་ཤེས་པས་དམངས་ཁྲོད་ཀྱི་གླུ་དང་འདོགས་ར་ཏག་ཏག་བླངས་པ་ཡིན་ཞེས་ཁོ་ལ་འགྲོགས་ཤིང་འདྲིས་པའི་གཉེན་གྲོགས་རྣམས་ཀྱིས་བཤད།

བཅུ་གཉིས་པ་ས་ལུག༡༩༧༩ལོར། རྨ་ཆུ་རྫོང་གི་ཟམ་ཆེན་ལེགས་གྲུབ་དགའ་སྟོན་སྟེང་ཁོ་ལ་ཨ་མ་སྒྲོལ་མས་བསླབ་པའི་དམངས་གླུ། དགོང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ། །ཆར་ཟལ་ལི་ཟིལ་ལེ་བོབ་ཀི་སྡོད། །ས་དོག་མོ་ངོ་སོ་བསྟོད་རྒྱུ་བོ། །སྔོ་རྣམ་པ་སྣ་ཚོགས་སྐྱེས་ཀི་སྡོད། །ཁྱོད་གླུ་བ་ངོ་སོ་བསྟོད་རྒྱུ་བོ། །གླུ་ཁ་རེ་ཁུ་རེ་ལོངས་ཀི་སྡོད། །ཅེས་ཨ་མས་གླུ་ལེན་སྟངས་དང་འགྱུར་ཁུགས་སོགས་ཀྱི་ངོ་བོ་མ་འགྱུར་བར་བླངས་པར། དེར་གནས་སྐྱེ་བོ་ཚང་མས་ཁོའི་སྐད་ངག་སྙན་མོ་ལ་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར། དེ་ནས་བཟུང་ཁྱོ་ཁོའི་ཞི་ལུ་གདུ་བྷེ་སྐད་ཅན་པོ་ཞེས་ཁོའི་སྙན་གྲགས་རྫོང་ཡོངས་ལ་ཁྱབ། དེ་ནི་ཁོ་ལ་མཚོན་ན་གར་སྟེགས་ཤིག་ཏུ་བུད་པ་ཐེངས་དང་པོ་ཡིན་ཞེས་རྒྱུན་དུ་བཤད། དགའ་རྟགས་ལ་དཀར་ཡོལ་འབྲུག་རིས་མ་ཞིག་དང་། གོས་ཆེན་ལུས་ཚད་མ་སོགས་དེའི་སྐབས་ཀྱི་གཟེངས་རྟགས་གྱ་ནོམ་པའམ་ཡིད་ཚིམ་པ་ཞིག་ཁོ་ལ་བསྩལ། ཁོས་ཚེ་སྔོན་གྱི་ལས་བསགས་ཤིག་གམ་ཡང་ན་ཁ་ལས་ཀླུང་རྟ་དར་མགོ་བརྩམ་པ་སོགས་གང་ཡིན་གསལ་བོར་བཤད་མི་ཤེས་མོད། མཚན་སྙན་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ་པའི་རྟེན་ཅིང་འབྲེལ་འབྱུང་གི་མགོ་འདི་ནས་ཚུགས་པ་ཡིན་ཞེས་བསྙད་ཆོག་ཆོག་གོ །

བཅུ་གསུམ་པ་ལྕགས་སྤྲེལ༡༩༨༠ལོར་ཁྲོ་ཁོ་སྨད་མའི་སློབ་ཆུང་ལ་ཡོང་། ཐད་ཀར་ལོ་རིམ་གཉིས་པའི་ནང་དུ་ཞུགས་ཐུབ་པ་བྱུང་། དེ་ནས་བཟུང་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱང་མགོ་བརྩམས། གདུ་བྷེ་དང་ཕྲན་གཉིས་ལོ་རིམ་གསུམ་པ་ནས་སློབ་མཐར་ཕྱིན་རག་བར་སློབ་གྲོགས་ཡིན་པའི་ཅུང་རྒྱུས་མངའ་ཡོད། སྐབས་དེ་ལ་ཁྲོ་ཁོ་སྨད་མའི་སློབ་ཆུང་འདི་རྨ་ཆུ་རྫོང་གི་ཡུལ་ཚོ་གཞན་པའི་སློབ་ཆུང་ལ་བསྡུར་ན་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་འཛོམ་ས་ཡིན། རྒྱུ་མཚན་ནི་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་ལྡོང་སྐུ་ཕྲེང་བཞི་བ༸རྗེ་བཙུན་སྐལ་བཟང་འཕྲིན་ལས་དར་རྒྱས་མཆོག་གིས་སྐྱོང་ཁུལ་བླ་ན་མེད་པ་གནང་བར་བརྟེན་སློབ་གྲྭའི་ཕྱིའི་ཁོར་ཡུག ནང་གི་སློབ་ཁྲིད་དང་སྒྲིག་གཞི། དགེ་རྒན་གྱི་ཡོན་ཚད། སློབ་མ་སྐྱོང་སྟངས། དགེ་སློབ་བར་གྱི་བརྩེ་བ་བཅས་ལ་ཞིང་ཆེན་དང་ཁུལ། རྫོང་བཅས་ནས་སྔ་ཕྱི་བར་གསུམ་ཀུན་ལ་གཟེངས་བསྟོད་མང་དུ་ཐོབ། ཁྱད་པར་དུ༸སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ༸བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དང་། མདོ་སྨད་བསྟན་པའི་མངའ་བདག་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ༸རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། མཁས་ཤིང་གྲུབ་པའི་དབང་ཕྱུག་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་༸ཁྲི་ཆེན་གུང་ཐང་དྲུག་པ་ཆེན་མོ༸རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། མཁས་པའི་དབང་པོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ཙམ་དུ་མ་ཟད་སློབ་སྟོན་ཀྱང་རྒྱ་ཆེར་བསྩལ། ལྡོང་སྤྲུལ་བའི་སྐུ་རིན་པོ་ཆེ༸རྗེ་བཙུན་སྐལ་བཟང་འཕྲིན་ལས་དར་རྒྱས་དཔལ་བཟང་པོ་ཚང་ཁོང་གི་བཀའ་དྲིན་ལ་ཀན་སུའུ་ཞིང་ཆེན་གྱི་ཞག་སྡོད་སློབ་ཆུང་ཐོག་མ་དང་། སློབ་ཆུང་ཞིག་ནས་ལག་རྩལ་ལས་རིགས་གཉེར་བའི་ལས་གཞི་མགོ་མའམ་ཐོག་མའང་ཡིན་ཏེ། སློབ་གྲྭའི་རྣམ་ཐར་ཚོགས་པ་ཞིག་སྒྲིག་འཛུགས་བགྱིས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྟོད་གྲྭ་ཚང་གི་ཨ་ཁུ་གསུང་རབ་ཞུ་བ་ཁྲོ་སྨད་སློབ་ཆུང་གི་རྣམ་ཐར་དགེ་རྒན་དུ་གདན་དྲངས་ཏེཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐརདང་།མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར།》《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།》《ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རྣམ་ཐརསོགས་འཁྲབ་སྦྱོང་བྱེད་སྐབས་གདུ་བྷེ་ཁོ་སློབ་ཞུགས་ལོ་ཡིན་པས་རྣམ་ཐར་འཁྲབ་ཚིག་བློར་ཅུང་འཛིན་དཀའ་བའི་དེའི་ལོར་རྣམ་ཐར་འཁྲབ་སྦྱོང་ལ་ཞུགས་མ་ཐུབ། ལོ་རྗེས་མ་ནས་བཟུང་། ཁོ་ལ་སྨྲ་བརྗོད་དག་ཅིང་། སྐད་ངག་སྙན་པ་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་འཛོམས་ཕྱིར་སློབ་གྲྭའི་རྣམ་ཐར་ཚོགས་པར་ཆེད་དུ་བླངས། དེ་ནས་བཟུང་རྣམ་ཐར་ཐམས་ཅད་ཀྱི་དབྱངས་རྟ་གར་ཉམས་སོགས་ལ་བྱང་ཆུབ་པར་སྦྱངས་ནས་ལོ་རེ་བཞིན་འཁྲབ་གཞུང་དེ་དག་གི་མི་སྣ་གཙོ་བོ་བགྱིས་ཏེ་ལྟ་ཉན་བྱེད་མཁན་ཡོངས་ཀྱིས་དགའ་བསུ་དང་གདེང་འཇོག་ཚད་མེད་གནང་བ་ནི་བརྗོད་ཀྱིས་མི་ལང་བའི་གཏམ་མོ། །

ཁོས་སློབ་སྦྱོང་གི་ཞོར་དུ་གསེར་ཁྲི་སྐྱོ་གླུ། བུ་ཆུང་ས་མཐའ། ཡར་འབྲོག་གཡུ་མཚོའི་ཁ་ན། གླིང་སྒྲུང་སྣ་ཚོགས། རྣམ་ཐར་གྱི་དབྱངས་རྟ་སྣ་ཚོགས། དམངས་གླུ་མང་པོ་རྒྱུན་དུ་སློབ་ཁང་དང་སློབ་གྲྭའི་ར་བ་ནས་མགྲིན་པ་བདེ་མོས་དབྱངས་ལ་གྱེར་ཚེ་སློབ་གྲོགས་མང་པོའི་འཚང་ཁ་ཤིག་ཤིག་མཐའ་བསྐོར་ནས་དགའ་བསུ་བྱེད་པ་ནམ་རྒྱུན་མཐོང་། ཉིན་གཅིག་གདུ་བྷེས་མིག་ཆུ་གཏོར་ཞོར་དུ་བུ་ཆུང་ས་མཐའ་བླངས་ནས་དེར་འདུས་སྐྱེ་བོ་མི་ཉུང་བ་ཞིག་ལ་མིག་ཆུ་དབང་མེད་དུ་བསླངས། ཁོས་གླུ་ལེན་ཐེངས་རེར་སློབ་གྲྭའི་ཇ་མ་ཆུ་ལེན་སོགས་ལོ་ལོན་རྒན་པོ་ཚོའི་མིག་ནས་མཆི་མ་བཞུར་བ་ཐེངས་གཅིག་མིན། ལོ་ལོན་ཚོ་ལའང་སེམས་འགུལ་ཐེབས་པ་ནི་གླུ་ཚིག་གི་ནང་དོན་ཧ་གོ་བས་སམ་ཡང་ན་ཁོའི་སྐད་ངག་ཧ་ཅང་སྙན་དྲགས་པས་ཡིན་པ་མ་ཤེས་མོད། གང་ལྟར་ལྟ་ཉན་བྱེད་མཁན་ཚོའི་ཡིད་སེམས་སྐྱིད་ལ་བཀུགས་པ་བགྲང་གིས་མི་ཟིན། དེ་དུས་ཀྱི་སློབ་གྲྭའི་ཁོར་ཡུག་ཚང་མར་གདུ་བྷེའི་གླུ་སྐད་ཀྱིས་ཁྱབ་འདུག

 ལོ་སར་སྐབས་རྒྱུན་དུ་ཁྲོ་ཁོ་སྨད་མའི་མར་ནང་ཁ་བའི་ནང་དུ༼ཁྲོ་ཁོ་སྨད་མའི་མར་ནང་ཁ་བ་ནི་ཕྲན་ཆུང་དུས་སྐྱེ་ས་ཡིན་པའི་གསལ་བོར་ཤེས། འོང་དོན་གསལ་བཤད་མི་བྱའོ། །༽འོང་ནས་གླུ་དང་རྡུང་ལེན་སོགས་ངག་སྙན་མོའི་དབྱངས་ལ་འགུགས་ཀྱིན་འདུག གདུ་བྷེ་གླུ་ལེན་དུ་བོས་པ་ཡིན་ནམ་རང་བསམ་གྱིས་ཡོང་བ་ཆ་མ་འཚལ་མོད། ཉིན་ཞག་གསུམ་བཞི་ཞིག་ལ་ཁྱིམ་ཚང་རེ་ནས་གླུ་དང་རྡུང་ལེན་བླངས་པ་བརྗེད་མི་ཐུབ་པའི་དྲན་ཤིང་ཞིག་ཏུ་གྱུར་འདུག ཉན་མཁན་རུ་སྐོར་གཞན་པ་ཚོ་ནས་ཡོང་བ་ཡང་ཉུང་ཉུང་མིན། ལོ་སར་ཐོན་ལ་ཉེ་སྐབས་ཀུན་གྱིས་ད་ལོ་གདུ་བྷེའི་གླུ་ལེན་རྒྱུ་ཡིན་ནམ་ཞེས་རེ་བས་ཁེངས་པའི་ངང་རྩད་བྱེད་མཁན་ཧ་ཅང་མང་། སྐབས་དེ་དུས་སྡོད་ཁང་ཡོད་སའི་འབྲོག་ཁྱིམ་ཉུང་ཉུང་ཡིན། འབྲོག་མང་གིས་དུས་བཞིར་སྦྲ་ནག་ལས་འཚོ་བ་རོལ་དགོས་པར་མ་ཟད། དགོང་མོར་གློག་སྒྲོན་དང་ཞག་སྒྲོན་སོགས་ཅི་ཡང་མེད་པར་སྒྱེད་པུའི་མེ་འོད་ལ་བརྟེན་དགོས། ཡིན་ནའང་སྐྱེས་ཕོ་མོ་ཚང་མས་འཚང་ཁ་ཤིག་ཤིག་སྦྲ་ནག་འདབས་ཀ་ཡར་བརྫེས་ནས་གདུ་བྷེ་དང་འུར་བྷེ་ཟེར་བ་གཉིས་ཀྱི་གླུ་ཤག་ལ་ཉིན་མཚན་གཉིས་ཀར་ཉན་པར་ཡིད་མ་ཚིམས་པ་ད་ལྟའང་སེམས་ངོ་ན་གསལ་ལྷང་ངེར་འདུག

སློབ་གྲྭ་ན་ཡོད་དུས་གདུ་བྷེའི་མདུན་ཅོག་ནང་རྒྱུན་དུ་སྒྲ་སྙན་ཆུང་ཆུང་རྒྱུད་སྐུད་གསུམ་ཅན་ཞིག་དང་སྒྲུང་དཔེ་སྣ་ཚོགས། གླུ་དཔེ་བྲིས་དཔར་མང་པོ་བཅས་བཞག་ཡོད། ཁོམ་སྐབས་ནམ་ཡོད་ལ་གླིང་སྒྲུང་ལས་ཚན་པ་རེ་དང་། རྣམ་ཐར་གྱི་དབྱངས་རྟ་སྣ་ཚོགས། གླུ་དང་རྡུང་ལེན་སོགས་སློབ་གྲོགས་ཚོའི་རེ་བ་ལྟར་ཉིན་རྒྱུན་དགའ་སྡུག་དང་དཀའ་ངལ་མེད་པར་སྐད་ངག་སྙན་མོའི་དབྱངས་ལ་གྱེར་བ་ནི་སློབ་གྲོགས་མང་པོ་ཞིག་ལ་རྗེད་ཐབས་བྲལ་བའི་སེམས་འཛིན་གྱི་རི་མོ་གཅིག་ཡིན་པ་སྨྲས་མ་དགོས་སོ། །

ཡང་ཉིན་གཅིག་ངེད་ཅག་འཛིན་གྲྭ་གང་བོས་གདུ་བྷེའི་མཐའ་བསྐོར་ནས་ཧོར་གླིང་གཡུལ་འགྱེད་བཤད་དུ་འཇུག་སྐབས། དགེ་རྒན་ཐོན་ནས་གདུ་བྷེ་གཙོས་འཛིན་གྲྭ་ཡོངས་ཁ་གྱང་ངོར་གཏད་ནས་ཡར་ལང་དུ་བཅུག་པ་སོགས་དེ་དུས་ཀྱི་དགོད་སྤྲོ་བའི་གཏམ་རྒྱུད་མང་པོ་བཤད་དུ་ཡོད་པ་ནི་གདུ་བྷེ་དང་ཕྲན་གཉིས་འགྲོགས་འདྲིས་ཀྱི་ལོ་ངོ་ཅུང་རིང་བ་དང་། ཆུང་དུས་ཀྱི་བྱ་བ་རྣམས་མེ་ལོང་ནང་གི་བྱད་གཟུགས་བཞིན་གསལ་བོ་གསལ་རྐྱང་རེ་འགའ་ཡོད་ཀྱང་དགོས་མེད་ཀྱི་གཏམ་དུ་བསམས་ནས་མ་བྲིས་སོ། །རྒྱུད་སྐུད་གསུམ་ཅན་གྱི་སྒྲ་སྙན་ཟད་པོ་དེ་ཡང་ད་སྐབས་སློབ་གྲོགས་མང་པོ་ཞིག་གི་མིག་ལམ་ནས་ཡལ་ཐབས་མེད་ཅེས་ཡང་དང་བསྐྱར་དུ་བཤད་མྱོང་།

གདུ་བྷེ་ངོ་ཤེས་པའམ་སློབ་གྲོགས་སུ་གྱུར་པ་ནས་བཟུང་ཁོའི་མགྲིན་པ་བདེ་མོའི་གླུ་སྐད་ཙམ་དུ་མ་ཟད། བཅོས་མིན་རང་གཤིས་སུ་མངའ་བའི་ཡ་རབས་བཟང་སྤྱོད་ལྡན་ཕྱིར་དགེ་རྒན་དང་ཕ་མ། རྒན་རྒོན་ཚོ་ལའང་བཀུར་སྟི། སློབ་གྲོགས་བར་ལ་ཕྱི་ཐག་རིང་བ། ནང་མི་ལ་མཛའ་བརྩེ་ཟབ་པ་སོགས་ནི་གཞན་ལ་འཛོམས་དཀའ་བར་སྙམ། གདུ་བྷེ་ལ་ཆ་མེད་རྒྱུས་མེད་ཚོས་བཤད་རྒྱུན་ལྟར་ན། ཁོ་ནི་ཡིག་རྨོངས་པ་ཞིག་ཏུ་ངོས་འཛིན་གྱིན་ཡོད་དེ། དགེ་རྒན་ཞིག་གིས་གདུ་བྷེ་ལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། ཡབ་ཡུམ་སྐུ་ཁམས་བཟང་ཞེས་པ་ཐེངས་སུམ་བརྒྱ་ལྷག་བསླབས་ཀྱང་མ་ཤེས་པར་དགེ་རྒན་ཡིད་ཐང་ཆད་ཅེས་བཤད་རྒྱུན་མ་དག་པ་ཞིག་ག་ས་གང་དུ་རླུང་གིས་འཁུར་གྱིན་འདུག དེ་ནི་རྫུན་གཏམ་ཁོ་ན་སྟེ་རྣམ་ཐར་སོགས་ཀྱི་འཁྲབ་ཚིག་བློར་འཛིན་སྐབས་ངེད་ཅག་གིས་ལྷན་དུ་སློབ་སྦྱོང་བྱེད་ཀྱིན་ཡོད། ཁོ་ནི་ངེད་འཛིན་གྲྭའི་བློ་འཛིན་དང་ཡིག་གཟུགས་བཟང་ཤོས་ཀྱི་གྲས་ཡིན་ཏེ། སློབ་དེབ་ནང་གི་བློ་འཛིན་སྐོར་དང་། གཞན་དག་ཡིག་མཁས་པ་དགའ་སྐྱེད། སུམ་རྟགས་གཉིས་ཀྱི་རྩ་བ། རྣམ་ཐར། སྒྲུང་དཔེ། གླུ་ཚིག་སོགས་མང་པོ་བློར་བཟུང་བ་ལས་ཤེས་ཐུབ། ཉིན་གཅིག་དགེ་རྒན་མགོན་ཁོ་ཞུ་བའི་གསུང་དོན། གདུ་བྷེས་སུམ་རྟགས་དག་གསུམ་བློ་རྒྱུགས་སྤྲད་པ་ཧ་ཅང་བཟང་། ཁོའི་སྨྲ་བརྗོད་དག་པས་སྒྲ་དག་གསལ་གསུམ་ཡིན་པ། སློབ་གྲོགས་ཚང་མས་ཁོ་ལ་མིག་དཔེར་བལྟས་ནས་སྒྲ་དག་གསལ་གསུམ་སྒོས་བློར་ཡག་པོ་འཛིན་དགོས་ཞེས་གསུངས། ཡང་ཉིན་གཅིག་དག་ཡིག་མཁས་དགའི་ནང་གི ད་ནི་འཕུལ་དང་མཐའ་རྟེན་མགོ །མེད་ལ་སྦྱོར་དང་ཡོད་ལ་སྤངས། །འདམ་ང་ཅན་ལ་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད། །སོགས་རྡུང་ལེན་དུ་བླངས་པ་སློབ་གྲོགས་འགའ་རེའི་དྲན་ཡུལ་ན་ཡོད་ཅེས་ཕྲན་ལ་བཤད་མྱོང་།

བཅུ་བཞི་བ་ལྕགས་བྱ༡༩༨༡ལོ་ནས་བཅུ་དྲུག་པ་ཆུ་ཕག༡༩༨༣ལོའི་བར་སྨད་མ་སློབ་གྲྭའི་རྣམ་ཐར་གང་འཁྲབ་ཀྱི་འཁྲབ་སྟོན་པ་གཙོ་བོ་དང་། གླུ་དང་རྡུང་ལེན། སྒྲུང་བཤད་སོགས་ཀྱི་འགྲན་སྡུར་སྐབས་ཨང་དང་པོ་ཞིག་གཞན་ལ་ཤོར་མ་མྱོང་བ་དེར་ཡོད་ཀུན་གྱིས་ཤེས། ད་རུང་གསུམ་བཟང་སློབ་མ་དང་ཀུན་སྤྱོད་དཔེ་ལེགས། རྒྱུགས་འབྲས་ལེགས་པའི་གཟེངས་རྟགས་ཀྱང་ཐེངས་འགའ་རེར་ཐོབ། ཁོ་བོ་ནི་གར་སོང་གང་བསྡད་ཐམས་ཅད་དུ་དགོད་སྒྲ་དང་གླུ་སྐད། བརྩེ་བ་དང་ལྷག་བསམ་སོགས་སྟེར་ཐུབ་པའི་མི་བུ་འཇོན་ཐང་ཅན་ནམ་ལས་བསོད་ཅན་ཞིག་ཡིན་པ་བོད་པ་ཚང་ལ་སྨོས་མ་དགོས་སོ། །

༡༩༨༤ལོར་ངེད་ཅག་སློབ་མཐར་ཕྱིན་སྐབས་མཚན་སྒྲོགས་དགོན་པའི་གཡོན་མདུན་དབང་ཕྱོགས་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བཞུགས་ཁྲི་ཐང་དུ་ཉིན་གསུམ་བཞི་ཞིག་ལ་སློབ་གྲོགས་ཡོངས་ཀྱིས་གླུ་ལེན་གར་རྩེད། རྟ་རྒྱུག་རྩལ་འགྲན་སོགས་དགའ་སྟོན་ཡིད་ཚིམས་པ་ཞིག་བགྱིས། དེ་དུས་ཁོས་སློབ་གྲོགས་ཡོངས་ལ་བསྙད་དོན། དགེ་རྒན་དང་སློབ་གྲོགས་བར་གྱི་མཛའ་བརྩེ་ནི་ནམ་ཡང་འདོར་མི་ཉན་ཚུལ་དང་། རྗེས་ནས་སྐྱ་སེར་སུ་ཡིན་ཀྱང་དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་པས་སློབ་གྲོགས་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ཞེས་ཡང་ཡང་བཤད། གདུ་བྷེ་མ་གཏོགས་དགེ་སློབ་སུས་ཀྱང་བཤད་པ་དྲན་ཡུལ་ནས་བོར་སོང་། མཐར་ཚང་མ་འབྲལ་མི་ཕོད་པའི་ངང་ནས་ཡིད་སེམས་སྐྱོ་ཞིང་མིག་ཟུང་མཆི་མས་རློན་ཞོར་རང་རང་སོ་སོའི་ཁྱིམ་དུ་ལོག་དགོས་བྱུང་། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་སློབ་གྲོགས་བཅུ་ཁ་ཞིག་མཚན་སྒྲོགས་དགོན་དང་ཞལ་ཤུལ་དགོན་གཉིས་ནས་གྲྭ་བ་བྱས། གདུ་བྷེ་སོགས་སློབ་གྲོགས་སྐོར་ཅིག་རྫོང་སློབ་འབྲིང་དུ་ཕྱིན། སློབ་གྲོགས་གཞན་པ་ཚོས་རང་རང་སར་འཇིག་རྟེན་འཁོར་བ་བསྐྱངས་ཏེ་འཚོ་བ་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་བཞིན་པའི་སྐབས་ལགས་སོ། །


གཉིས་པ། གངས་ལྗོངས་གླུ་བའི་ཁྱུ་མཆོག་ཏུ་གྱུར་ཚུལ།


གངས་ལྗོངས་གླུ་བའི་ཁྱུ་མཆོག་ཏུ་གྱུར་ཚུལ་ནི། སྟོད་མངའ་རི་སྐོར་གསུམ་ནས། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བར་སྟེ་བོད་ཡུལ་ཆོལ་ཁ་གསུམ་དང་ཧི་མ་ལ་ཡི་རི་རྒྱུད་ཕྱི་ནང་གཉིས་ལ་གདུ་བྷེའི་གླུ་སྐད་ཀྱིས་མ་ཁྱབ་པ་ཞིག་ཕལ་ཆེར་མེད་ཚོད་འདུག་སྟེ། རྒྱུ་མཚན་ནི་ཁོའི་གླུ་སྐད་དང་མི་གཞི། མཚན་སྙན་དང་སྙིང་སྟོབས་བཅས་ནི་བོད་པ་ཚང་གི་རྒན་དར་གཞོན་གསུམ་ཚང་མའི་སེམས་ཁོངས་སུ་དུས་རྒྱུན་ཉར་བའི་གངས་ལྗོངས་ཀྱི་ཉི་མ་འོད་ཆེན་ལྟ་བུར་སྒོམ་གྱིན་ཡོད་པ་ནི། གོང་ས་རྒྱལ་བའི་དབང་པོ་མཆོག་དང་། རྒྱལ་བ་ཀརྨ་བ། སྐྱབས་རྗེ་ཁྲི་ཆེན་གུང་ཐང་དྲུག་པ་ཆེན་མོ། མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་ས་དགེ་རྙིང་གསུམ། ཇོ་བོན་རྟོགས་གསུམ་སོགས་ཀྱི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་རྣམས་ཀྱིས་གདུ་བྷེའི་གླུ་སྐད་དང་མི་གཞི་སྙིང་སྟོབས་བཅས་ལ་གཅམ་ཚིག་ཙམ་མ་ཡིན་པར་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་བསྩལ་བ་འདི་དགའ་ཁ་འཁྱེར་ཕྱོགས་དང་མཐེ་བོང་སྒྲེང་ཕྱོགས་ཤིག་ཏུ་མི་བགྲང་བར། ཁོའི་མི་ཚེ་གང་བོའི་རླབས་ཆེན་གྱི་མཛད་རྗེས་དང་། མི་རིགས་དང་རིག་གནས་ལ་བཅངས་པའི་སྙིང་སྟོབས། གདུ་བྷེ་དང་མན་ཐཱོ་ལེན་གཉིས་ཀྱི་བྱུང་རིམ། དུས་རབས་ཤིག་གི་འཕོ་འགྱུར་དང་བདེ་སྡུག་དབྱངས་ལ་འགུགས་པ་ནི་གཞན་གྱིས་མཚོན་ཐབས་མེད་པའི་ཁྱད་ཆོས་ཁོ་ན་ཡིན་ཏེ། ལྔ་རིག་སྨྲ་བའི་དབང་པོ་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། གངས་ལྗོངས་ཁུ་བྱུག་ལགས། ཁྱོད་ཀྱི་འཇམ་མཉེན་རྒྱུད་སྐུད་ཀྱི་ལྡེམ་འཁྱུག་བར་ན། ཚངས་ཆེན་སྲས་མོའི་བྱིན་རླབས་ལྷོད་ཀྱིས་འཁྱུད་པས། གཡོ་མེད་ཏིང་འཛིན་ལ་བཞུགས་པའི་སྒོམ་ཆེན་པ་དང་། བླ་སྤྲུལ་དགེ་འདུན་པ་མང་བོའི་ཐུགས་ཀྱི་བརྟན་པ་ཕྲོགས་མྱོང་། ཁྱོད་ཀྱི་སྙན་འཇེབས་སྐད་ངག་གི་འགྱུར་ཁུགས་ཁྲོད་ན། མི་ཚེའི་དགའ་སྐྱོ་དང་གཅན་གཟན་རི་སྐྱེས་ཁྲི་འབུམ་གྱི་ལས་དབང་གསལ་བས། དབུ་དཀར་རྒན་པོའི་མིག་ཆུ་ལྷུང་ཞིང་སྡིག་ཅན་རྔོན་པས་སྡིག་འཕྲོ་བཅད་པའི་གཏམ་རྒྱུད་བསྐྲུན་མྱོང་། ཁྱོད་ཀྱི་དྭངས་གཙང་ཕ་སྐད་ཀྱི་གླུ་གཞས་མང་བོར། གངས་རིའི་འཕོ་འགྱུར་དང་། རིགས་ཀྱི་ཞེན་པ། མཐུན་པའི་དཔུང་རྡང་། སློབ་གསོའི་སྒུལ་ཤུགས། དྲང་བདེན་གྱི་གཤིས་ཀ དཔའ་སྤོབས་ཀྱི་ཀི་སྒྲ། དུས་ཀྱི་འབོད་པ། དུང་བའི་འཛུམ་དཀར་སོགས་ཡོངས་སུ་རྫོགས་པས། བོད་ཀྱི་བློ་མིག་ཡངས་པའི་བླ་མ་དཔོན་པོ། ལ་རྒྱའི་སྟོབས་རྩལ་འབར་བའི་གཞོན་སྐྱེས་ཕོ་མོ། གནའ་དེང་ཤེས་རིག་གི་སྤྱན་དཀྱུས་རིང་བའི་རིགས་སྨྲ་ཁྲི་འབུམ། ཞིང་འདེབས་ཕྱུགས་སྐྱོང་ལ་བྲེལ་བའི་མང་ཚོགས་དཀྱུས་མ། ཐ་ན། ལོ་བརྒྱད་བྱིས་པ་དང་ཞ་འཐེང་ལྐུགས་པ་སོགས། ཆོལ་གསུམ་བོད་པ་ཡོད་ཚད་ཁྱོད་ཀྱི་རྡུང་ལེན་སྒྱུ་རྩལ་ལ་དགའ། ཁྱོད་ཀྱི་འབྲོག་གླུ་སླད་མེད་ལ་དུང་། དགའ་སྟོན་ཆེ་ཆུང་མང་བོ་ཁྱོད་ཀྱི་གླུ་ངག་གིས་བཟི་ཞིང་ཁྱོད་ལ་རྗེས་བཟློས་ཀྱིས་རོལ། འདི་ནི། ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་གཏམ་རྒྱུད་སྙན་མོ་ཡིན། འདི་ནི། ཁྱོད་ཀྱིས་གངས་ལྗོངས་ལ་ཕུལ་བའི་འགག་མེད་དབྱངས་རྟ་ཡིན། བཀའ་དྲིན་ཆེ། གངས་རིའི་ཕོ་ཉ། ཞེས་པའི་གསུང་ཚིག་འདིའི་ནང་དུ་མ་འདུས་པ་མེད་པར་སྙམ།


གདུ་བྷེ་ནི་བསྔགས་བརྗོད་དང་གཟེངས་རྟགས་ཙམ་ལ་རེ་བ་ཡེ་མི་འཛིན་པའི་མི་བུ་ཚད་ལྡན་ཞིག་སྟེ། མཐོ་དཔོན་པོ་དང་དམའ་ཉམ་ཆུང་། ཁྲི་གདན་མཐོ་བའི་བླ་ཆེན་དང་གཉོམ་ཆུང་གྲྭ་རྐྱང་། རྒྱུ་ཆེན་ཕྱུག་པོ་དང་འབྱོར་མེད་སྤྲང་པོ་སོགས་གང་ཡིན་ཡང་ཁོའི་སེམས་ནང་དུ་ཚང་མར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་གྱིན་ཡོད་པ་ནི། ཁོས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་གང་ལ་ལྟས་ཀྱང་ཕྱི་གསལ་ནང་གསལ་ཡིན་ཏེ། དགེ་རྒན་ལགས་ཀྱིས། གངས་ཀྱི་གདངས་དབྱངས་མགྲིན་པར་འཁྱིལ་བའི་འགག་མེད་གླུ་སྐད་ཅིག བཤད་སྒྲུབ་གདུགས་དཀར་མཐོ་སའི་དགོན་སྡེ་དང་སྒྲུབ་སྡེ། ཤེས་རིག་མེ་ཏོག་བཞད་པའི་སློབ་གླིང་དང་ལས་ཁུངས། སྙེ་མའི་རླབས་ཤུགས་འཕྱོ་བའི་ཞིང་ཁ་དང་དུད་ཁྱིམ། སྦྲ་ནག་སྟོབས་ཀྱིས་འགྱིང་བའི་འབྲོག་སྡེ་དང་རི་གྲོང་སོགས། མདོར་ན། གངས་དཀར་པོའི་ཕྱི་ནང་བར་གསུམ་ན་སྙན་ལྷང་ལྷང་དུ་ཁྱབ་ཚེ། གངས་ལྗོངས་ཀྱི་ཁུ་བྱུག་ཁྱོད་རང་། བོད་གདོང་དམར་ཚང་གི་སེམས་ཀྱིས་ཉན་ས་དང་། ཡིད་ཀྱི་གཟི་དཔལ་ཡིན། ཞེས་པས་མཚོན་ནུས་པས་མང་དུ་མ་བྲིས་སོ། །


ད་ནི་དཀྱིས་ལ་འཇུག་པར་བྱ་སྟེ། བཅུ་བདུན་པ་ཤིང་བྱི༡༩༨༤ལོར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕྱིན་ཅིང་། ཁོ་ལ་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་རང་བཞིན་གྱིས་རྫོགས་པ། ངག་སྒོ་ཡངས་ཤིང་སྨྲ་ལྕེ་བདེ་བ། ཚངས་སྲས་བུ་མོའི་ངག་གཡང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཞུགས་པ་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ལུས་ངག་གི་སྒྱུ་རྩལ་ཕལ་ཆེར་ཞིག་མངའ་ཕྱིར་རྫོང་སློབ་འབྲིང་དུ་ཟླ་ཤས་ལས་མ་བསྡད་པར། ཨ་མདོའི་རྡུང་ལེན་མཁན་པོ་རྒན་དཔལ་ལྡན་མགོན་པོ་ལགས་ལས་སྒྲ་རྡུང་ཚུལ་དང་གླུ་ལེན་སྟངས་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རྡུང་ལེན་སྒྱུ་རྩལ་ལ་སྦྱང་བརྩོན་ནང་བྱན་ཆུབ་པ་བྱས་པར་བརྟེན། སྒྲ་སྙན་རྡུང་ལེན་འདི་ཉིད་རྨ་ཁུག་དང་པོའི་གླུ་གར་གྱི་ཞིང་ས་ནས་འཚར་ལོང་བྱུང་སྟེ་བོད་ཡུལ་ཡོངས་ལ་ཁྱབ་མགོ་བརྩམས་པའང་རྒན་དཔལ་མགོན་ལགས་དང་གངས་ལྗོངས་ཁུ་བྱུག་སྔོན་མོ་ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་གདུ་བྷེ་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ཏུ་བརྩི་ཆོག་ཆོག་ཡིན་པ་ད་ལྟའི་དཔྱད་བརྗོད་པ་དག་གིས་བཤད་པ་ལྟར་རོ། །


བཅོ་བརྒྱད་པ་ཤིང་གླང་༡༩༨༥ལོར་རྨ་ཆུ་རྫོང་བོད་ཀྱི་གླུ་གར་ཚོགས་པར་ཆེད་དུ་བདམས་ཐོན་བྱུང་སྟེ་གཞུང་ཞབས་པར་དངོས་ཞུགས་བྱས། བཅུ་དགུ་བ་མེ་སྟག༡༩༨༦ལོར་ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གིས་རྫོང་ཁག་སོ་སོའི་གླུ་བ་གླུ་མ་མང་པོ་བསྡུས་ཏེ་སྔར་མེད་རླུང་འཕྲིན་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་ཆེ་ཤོས་ཤིག་བསྐྲུན། དེ་དུས་གདུ་བྷེ་རྡུང་ལེན་པའི་མིང་ཐོག་ནས་དགོང་ཚོགས་སུ་ཞུགས། ཁོས་རྒན་དཔལ་མགོན་ལགས་ཀྱིས་བརྩམས་པའིསོ་ཡ་ལ་སོཞེས་པའི་རྡུང་ལེན་དེ་བླངས་ནས་བཟུང་གདུ་བྷེའི་མཚན་སྙན་གཡུ་འབྲུག་སྔོན་མོའི་སྒྲ་ཆེན་བཞིན་བོད་ཡུལ་ཆོལ་ཁ་གསུམ་ལ་གྲགས་མགོ་བརྩམས།


ལོ་དེའི་ཟླ་དང་པོའི་ཚེས་བཅོ་ལྔ་ལ། མ་བུ་མོའི་སྐྱིད་ལ་སྦྲ་ཟིག་ཕུག་དང་། ཨ་ཁུ་པད་མ།(༡༩༨༦ལོའི་ལོ་སར་དགོང་ཚོགས། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིག་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) སྣང་རའི་སངས་རྒྱས།(༡༩༨༦ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གི་པདྨ།) ཡི་དྭགས་སྐེ་རིང་།(༡༩༨༦ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ལ། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གི་པདྨ། གླུ་ཚིག་མ་ཕྱི༡༩༨༥ལོའི་ཟླ་ཟེར་དུས་དེབ་དང་པོའི་ཤོག་ངོས༥༣པ།) གེ་སར་སྒྲུང་ལས་འཛམ་གླིང་སྤྱི་བསང་དང་།(༡༩༨༦ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ལ། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིག་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) དམྱལ་གླིང་རྫོགས་པ་ཆེན་མོ།(༡༩༨༦ལོའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ལ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་དམྱལ་གླིང་རྫོགས་པ་ཆེན་མོའི་སྙིང་བོ་ལས་ཚན་པ་གསུམ་གདུ་བྷེའི་རྡུང་ལེན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གི་པདྨ།) ཧོར་གླིང་གཡུལ་འགྱེད།(༡༩༨༦ལོའི་ཟླ་དགུ་བའི་ཚེས་བཅུ་དྲུག་ལ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས། ཧོར་གླིང་གཡུལ་འགྱེད་ཀྱི་ལེའུ་བདུན་པ་ནས། དུས་ཡུན་སྐར་མ༦༦། དེའི་རྗེས་ནས་ཧོར་གླིང་གཡུལ་འགྱེད་ཀྱི་ལེའུ་བདུན་པའི་མཇུག་ནས་བརྒྱད་པའི་མགོའི་བར། དུས་ཡུན་སྐར་མ༦༥ལྷག སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གི་པདྨ།) སོ་ཡ་ལ་སོ་དང་ཨ་ཁུ་པད་མ་གཉིས།(༡༩༨༦ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ལ། དཔལ་མགོན་དང་གདུ་བྷེ་གཉིས་ཀྱིས་མཉམ་ལེན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིག་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) ན་ཟླ་ལོ་ལོ། ཡ་རེ་ཡ་རེ། སྤང་རྒྱན་མེ་ཏོག་སོགས་དང་། ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་ངའི་དྲིན་ཆེན་ཕ་མ་གང་ན་ཡོད། ཁོ་རང་གིས་བརྩམས་པའི་སྟོད་གན་ན་བྱ་གསུམ་འཕུར་ནོ་འདི་སོགས་བླངས་ནས་བོད་པ་མང་ཆེ་བ་གདུ་བྷེའི་གླུ་སྐད་ལ་དུངས་པ་ཇེ་ཟབ་དང་ཉན་འདོན་ཇེ་ཆེར་གྱུར།


༡༩༨༧ལོར་བླངས་པའི་རྡུང་ལེན། བོད་ཡུལ་མི་རྗེ་ལྷས་བྱས་ངོ་མཚར་ཆེ། གཉེན་སྟོན་ཆུ་རྩེད་གླུ་གཉིས།(༡༩༨༧ལོའི་ཟླ༤ཚེས༢༢ལ། གདུ་བྷེ་དང་འཇིགས་བྱེད་འཚོ་གཉིས་ཀྱིས་མཉམ་ལེན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་བསོད་ནམས་དང་དུས་འཁོར་སྐྱབས་གཉིས།) ཡར་འབྲོག་གཡུ་མཚོའི་ཁ་ན། ཨ་ཁུ་པད་མ། ཨ་ཞང་ཚོ། དགའ་བའི་ཡིད་སྤྲོ་ལ། བྲེ་སེང་རོ་བཅས་རྡུང་ལེན་ཁག་ལྔ།(༡༩༨༧ལོའི་ཟླ༤ཚེས༢༧ལ། འཇིགས་བྱེད་འཚོ་དང་གདུ་བྷེ་གཉིས་ཀྱིས་མཉམ་ལེན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) ཡ་རིས་རོ་དང་། བྲེ་སེང་རོ་གཉིས།(༡༩༨༧ལོའི་ཟླ༤ཚེས༢༨ལ། འཇིགས་བྱེད་འཚོ་དང་གདུ་བྷེ་གཉིས་ཀྱིས་བླངས། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) བོད་ཀྱི་གླུ་ཤགས།(༡༩༨༧ལོའི་ཟླ༤ཚེས༢༩ལ། བོད་ཀྱི་གླུ་ཤགས་ལེན་མཁན་གདུ་བྷེ་དང་འཇིགས་བྱེད་འཚོ་གཉིས་ཀྱིས་བླངས། རྩོམ་ཕྱི་མཚོ་སྔོན་དམངས་ཚོགས་སྒྱུ་རྩལ་དུས་དེབ། དཔར་ཐེངས་བཞི་བའི་ཤོག་ངོས༧༡པ་ནས། གླུ་ཤགས༡༨བླངས་ཡོད། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) ཚངས་དབྱངས་རྒྱ་མཚོའི་མགུར་གླུ།(༡༩༨༧ལོའི་ཟླ༤ཚེས༣༠ལ། གདུ་བྷེ་དང་འཇིགས་བྱེད་འཚོ་ཀྱིས་མཉམ་ལེན། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཚན་པ་ཞིག་དང་། འདོགས་ར་གཉིས།(༡༩༨༧ལོའི་ཟླ༥ཚེས༨ལ། འདོགས་ར་རྨ་ཆུའི་ཡུལ་བསྟོད་རབ་སྙན་གླུ་དབྱངས་ལས་མཐའ་མཚམས་དཔའ་བོ་དྲན་པའི་མགུར། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིག་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) རྫ་གསུམ་གྱི་རྫ་མགོ་ཁ་ཁ་རེད། གནམ་སྔོན་པོ་ཡག་གི་རྩྭ་ཐང་ན། རྟ་འདོ་བའི་འཚེར་སྒྲ་ཡག་རེ་ལྟོས་གསུམ།(༡༩༨༧ལོའི་ཟླ༦ཚེས༣ལ། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། རིགས་རྩལ་ཚན་ཁག་གི་དུས་འཁོར་སྐྱབས།) འདོགས་ར་དྲིན་ཆེན་ཕ་མ་བཀུར་བའི་སེམས་གསོའི་ཁ་ཏ།(༡༩༨༧ལོའི་ཟླ༨ཚེས༣༡ལ། འདོགས་ར་དྲིན་ཆེན་ཕ་མ་བཀུར་བའི་སེམས་གསོའི་ཁ་ཏ། སྒྲ་ལེན་པ། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་པདྨ།) གོང་གི་རྣམ་ཐར་དང་མགུར་གླུ། རྡུང་ལེན། སྒྲུང་སོགས་ཀན་ལྷོའི་རླུང་འཕྲིན་བརྒྱུད་ནས་བླངས་པས་གདུ་བྷེའི་མཚན་སྙན་གངས་རིའི་ཕྱི་ནང་ཡོངས་ལ་ཁྱབ། འདི་ལ་ཡི་གེ་དག་མིན་སྣ་ཚོགས་ཤིག་སྣང་ནའང་མ་ཕྱི་ལྟར་བཀོད་པའོ། །


ཉི་ཤུ་བ་རབ་གནས་མེ་ཡོས༡༩༨༧ལོ་ནས་རང་ལོ་ཞེ་བདུན་པ་ཤིང་རྟ༢༠༡༤ལོའི་བར་དུ་བོད་པའི་ཐུན་མོང་མ་ཡིན་པའི་རྡུང་ལེན་སྒྱུ་རྩལ་འདི་ཉིད་ཉམས་པ་སླར་གསོ་དང་ནུས་གོང་འཕེལ་ཕྱོགས་ལ་འཇོན་ནུས་ཅི་ལྕོག་སྒོས། བོད་ཀྱི་སྒྲ་སྙན་རྡུང་ལེན་གནས་པ་ནས་དར་བ། དར་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཁོང་གི་མཚན་སྙན་ཧི་མ་ལའི་རི་རྒྱུད་ཀྱི་ཕྱི་ནང་ཡོངས་ལ་ཁྱབ་སྟེ། མཉན་མཁན་དང་ལྟ་མཁན་ཡོངས་ནས་གླུ་བ་ཁོང་ལ་གངས་ལྗོངས་ཁུ་བྱུག་སྔོན་མོ་དང་། ཅོ་གའི་དྲུག་འགྱུར། བརྩེ་ལྡན་གངས་ཕྲུག ཨ་མདོའི་ཕོ་རྒོད་སོགས་ཀྱི་མཚན་སྙན་ཡང་ཡང་བསྩལ་བར་མ་ཟད། རྒན་དར་གཞོན་གསུམ་ཕུད། ཆུང་ཆུང་བྱིས་པ་དག་གིས་ངག་ནས་ཀྱང་རྡུང་ལེན་པ་གདུ་བྷེ་ཞེས་པའི་མིང་ཡིག་རྣམས་ཉིན་རེ་བཞིན་ངག་ན་མ་ཎི་ལྟར་ཟློ་མཁན་ཧ་ཅང་མང་བར་མ་ཚད། ལོ་རེ་རེ་བཞིན་དུ་ཁོའི་གླུ་དང་རྡུང་ལེན་ལ་རེ་བ་བྱེད་མཁན་ནི་དེ་ལས་ཀྱང་མང་ངོ། །འདིའི་སྐབས་སུ་གློ་བུར་དུ་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ཀྱི་ཚིག་ཅིག་དྲན་བྱུང་སྟེ། སྐྱེ་རྒུའི་རིག་སྔགས་མཁན་དེ་རྣམས། །སཱི་ཏཱའི་མིང་གི་བཟླས་བརྗོད་ཀྱིས། །འགྲམ་པ་རུས་པའི་འཕྲུལ་འཁོར་ནི། །དྲལ་བ་ནུ་མའི་དངོས་སུ་འཕྱང་། །ཞེས་པའི་ཚིག་འདི་སྔོན་ཆད་སཱི་ཏཱ་ལ་སྦྱར་ན་ཡང་ད་སྐབས་གངས་ལྗོངས་ཁུ་བྱུག་སྔོན་མོ་གདུ་བྷེ་ལ་སྦྱར་ན་མིང་དང་དོན་མཚུངས་པར་སྙམ་མོ། །


གངས་ལྗོངས་ཁུ་བྱུག་ཁོང་གི་བརྙན་འཁོར་དང་སྒྲ་ཐག་ཐམས་ཅད་སེམས་ཀྱི་གཅེས་ནོར་དང་རྣ་བའི་བདུད་རྩི་རུ་མ་གྱུར་པ་གཅིག་ཀྱང་མེད་མོད། རེ་རེའི་དགེ་མཚན་བརྗོད་པར་རྔོག་མི་ཐོགས་པས་རེ་གཉིས་ཤིག་ཐོ་འགོད་རག་ཙམ་བགྱིས་ན། ༈ མེ་ཡོས༡༩༨༧ལོ་ནས་བཟུང་ཁོས་གཞན་དང་མཉམ་སྤེལ་སྒྲ་ཐག་དང་བརྙན་འཁོར། ཆེད་བསྒྲིགས་སྒྲ་ཐག་དང་བརྙན་འཁོར་རྣམས་དཀྱུས་གཅིག་ཏུ་འགོད་པ།རྡུང་ལེན་དཔྱིད་ཀྱི་ཕོ་ཉ།དང་།སྙན་འཇེབས་གླུ་ཡི་ཟེགས་མ།》《གངས་ཅན་བོད་རྟ།》《ནོར་བུ་གསེར་གྱི་རྒྱན་ཆ།སོགས་དང་། ༈ ས་འབྲུག༡༩༨༨ལོར། སྤང་རྒྱན་མེ་ཏོག༈ ས་སྤྲུལ༡༩༨༩ལོར།དྲི་མེད་ཀུན་ལྡན།༈ ༡༩༩༠_༡༩༩༡ལོའི་བར། གདུ་བྷེའི་རྡུང་ལེན་ཆེད་བསྒྲིགས།༈ ཆུ་སྤྲེལ༡༩༩༢ལོར།གུང་ཐང་དབང་བསྟོད། ༈ ཆུ་བྱ༡༩༩༣ལོར།སྐལ་བཟང་ལྷ་མོ།》《བརྩེ་ལྡན་གྱི་གངས་ཕྲུག》《མ་མོའི་སྐྱོ་གླུ།》《ཚེ་རིང་མཚོ་མོ།》《དབྱངས་ཅན་དགྱེས་པའི་སྙན་མགུར། དཔལ་མགོན་དང་གདུ་བྷེ་གཉིས་ཀྱིས་བླངས། དབང་བསྟོད་གོ་གསུམ་ཡིན་ཟེར།》《མ་བཅོས་སེམས་ཀྱི་སྨོན་ལམ། གདུ་བྷེ། ཧུ་བྷེ། རྡོ་རེ།༈ ཤིང་ཁྱི༡༩༩༤ལོར།དགའ་སྤྲོའི་སྙིང་གཏམ། གདུ་བྷེ། བཀྲ་ཤིས་སྒྲོལ་མ།》《གངས་ལྗོངས་ནས་འོང་བའི་སྤུན་ཟླ།》《འབུམ་ཚང་བུ་མོ། གདུ་བྷེ། བཀྲ་ཤིས་སྒྲོལ་མ།》《བྱེའུ་འཇོལ་མོ། གདུ་བྷེ། བཀྲ་ཤིས་སྒྲོལ་མ།》《ལྷ་གཅིག་ཀོང་ཇོ་ལགས།༈ ཤིང་ཕག༡༩༩༥ལོར།མཁན་ཆེན་གསུང་མགུར།༈ མེ་བྱི༡༩༩༦ལོར། ཁེར་རྐྱང་གི་སེམས་པ།》《གངས་ཕྲུག་གི་སེམས་པ།》《ཁུ་བྱུག་སྔོན་མོའི་མགྲིན་གླུ།》《གངས་རིའི་བརྩེ་དབྱངས།》《ཅོ་ཀའི་དྲུག་འགྱུར། དཔལ་མགོན། གདུ་བྷེ། འཇིགས་བྱེད་འཚོ། རིན་ཆེན་འཚོ། 》《གངས་ལྗོངས་ཀྱི་བསྟོད་གླུ།》《མ་ཡུམ་ལ་ཕུལ་བའི་གླུ།༈ མེ་གླང་༡༩༩༧ལོར།ལས་དབང་།》《ངེས་དོན་ཆོས་ཀྱི་དབྱངས་སྙན།༈ ས་སྟག༡༩༩༨ལོར།གྲོགས་པོའི་སེམས།》《ང་དང་ཁུ་བྱུག་གཉིས་ཀ》《དུས་གཏམ་ལྷའི་རྔ་སྒྲ།》《རང་སེམས་མཐུན་པ།》《མཛའ་གཞས་རྡུང་ལེན།༈ ས་ཡོས༡༩༩༩ལོར།རེ་སྒུག》《རྒྱང་རིང་གི་འབོད་པ།》《རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན།༈ ལྕགས་འབྲུག༢༠༠༠ལོར།གངས་ཕྲུག་གི་དབུ་ལོ།》《སེང་ཕྲུག་གི་གཡུ་ལོ།》《གླིང་བྲོ་བདེ་ཆེན་རོལ་མོ།》《གངས་ལྗོངས་དགེ་བའི་ཟླ་བ།》《ཚངས་དབྱངས་རྒྱ་མཚོ་མགུར་གླུ།》《རྟེན་འབྱུང་དགེ་བའི་མེ་ཏོག》《རྨ་ཆུའི་བརྩེ་དུང་།》《ཉི་ཟེར་འབོད་པའི་གངས་རི།》《མེ་ཏོག་ཆུང་ཆུང་།》《བཀྲ་ཤིས་རྫོགས་ལྡན་བསུ་བའི་དུང་སྒྲ། དཔལ་མགོན། གཡུང་དྲུང་དབང་རྒྱལ། སྨོན་ལམ། གདུ་བྷེ། མགོན་པོ་དོན་འགྲུབ་སོགས་ཀྱིས་བླངས།》《གཡས་འཁྱིལ་དུང་གི་སྒྲ་དབྱངས།》《ཞལ་གདམས་ནོར་བུའི་མཛོད་ཁང་།》《ལུང་རྟོགས་ཆོས་ཀྱི་འོད་སྣང་།རྨ་ཆུའི་སྤུན་ཟླའི་ཕྲག་རྡང་།》《སྙན་དབང་གསོ་བའི་བདུད་རྩི། དཔལ་མགོན། གདུ་བྷེ། རྡོ་རེ། ལུ་གུ་རྒྱལ། སྨོན་ལམ། བཀྲ་ཤིས་སྒྲོལ་མ་བཅས་ཀྱིས་བླངས།》《བཀྲ་ཤིས་ཟླ་བ།》《སྲིད་པའི་གངས་རི།》《མི་བཟློག་ལས་ཀྱིས་བསྐོས་ཐང་།》《ཉི་ཟླའི་བརྩེ་དབྱངས།༈ ལྕགས་སྦྲུལ༢༠༠༡ལོར།གངས་ལྗོངས་ལ་ཕུལ་བའི་ལྷ་དར།(ཆེད་བསྒྲིགས་བརྙན་འཁོར་ཐོག་མ།)གསར་ཚེས་དུང་གི་ཟླ་གཞོན།》《ཁ་བའི་ལྗོངས་ཀྱི་བཀྲ་ཤིས་དབྱངས་སྙན།》《གངས་ལྗོངས་ཀྱི་ཁུ་བྱུག》《ཁུ་བྱུག་དང་འཇོལ་མོ།》《འགྲོ་བ་ཀུན་གྱིས་རེ་འདོད།》《གངས་ལྗོངས་རྩོད་མེད་ཀྱི་གླུ་བ་སྤུན་བཞི།》《སྟག་སེང་ཁ་སྤྲོད།》《ཞི་བདེའི་ཕུགས་འདུན་དང་པོ།》《ཞལ་གདམས་སྙིང་གི་ཉི་མ།》《ཁ་བའི་འོག་གི་མེ་ལྕེ།》《གནས་འགྲོ་མ།》《ཁྲོ་ལ་རི་བོའི་གཟི་འོད།》《གཡག་གི་སྐྱོ་གླུ།》《གངས་སེང་གི་ཕ་ས།》《མདུན་སྐྱོད་ཀྱི་གླུ་སྒྲ།》《ལྷད་མེད་ཀྱི་སྙིང་གཏམ།༈ ཆུ་རྟ༢༠༠༢ལོར།གངས་དཀར་གྱི་གཟི་བརྗིད།》《ངའི་ལང་ཚོའི་བཞད་སྒྲ།》《མཚར་སྡུག་འོད་སྟོང་འཕྲོ་བའི་འཛུམ་ཟེར།》《གངས་ལྗོངས་ཕ་ལོ་དྲན་གླུ།》《ཤར་དུང་རི།》《སྤུན་ཟླའི་གླུ་སྒྲ།》《བརྩེ་ལྡན་གྱི་གངས་ཕྲུག(འོད་སྡེར།)ཉི་ཟླའི་སྣང་བ།》《མཚན་མོའི་གངས་རི།》《མེ་ཏོག་ཆར་བ།》《འོད་གསལ་བསྟན་པའི་སྒྲོན་མེ།》《ཡ་ཆེན་དཔལ་གྱི་རོལ་མོ།》《ངེས་དོན་རྫོགས་ལྡན་གསར་བའི་ལང་ཚོ།》《ལྷག་བསམ་དཀར་བའི་རང་མདངས།》《མེས་པོ་དྲན་པའི་གདུང་དབྱངས།》《སེང་ཕྲུག་གི་རེ་སྒུག༈ ཆུ་ལུག༢༠༠༣ལོར།ལྷ་བྱ་ཁྲུང་ཁྲུང་དཀར་མོ།》《དད་པའི་ཉི་གཞོན་འདྲེན་པའི་སྐྱ་རེངས།》《རྫོགས་ལྡན་ཡིད་ཀྱི་དགའ་སྟོན།》《རྒྱ་ཕིབས་འོག་གི་རྨི་ལམ།》《གངས་ཅན་སྙན་དབྱངས།》《ཉི་ཟེར་འབོད་པའི་གངས་རི།》《ཕན་བདེའི་དགེ་མཚན་གསར་བའི་སྐྱ་རེངས།༈ ཤིང་སྤྲེལ༢༠༠༤ལོར།ཤམ་བྷ་ལ་སྟེ་རྨི་ལམ་འཁོར་བའི་གནས་མཆོག》《ཀུན་གསལ་ཆོས་ཀྱི་འོད་སྣང་།》《གངས་དཀར་ལྷ་མོའི་འབོད་སྒྲ།》《དད་དུང་མཆོད་པའི་མེ་ཏོག》《རྫོགས་ལྡན་བསུ་བའི་འཕྲིན་སྙན།》《ཆོས་དབྱངས་ཕན་བདེའི་སྒོ་འབྱེད།》《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》《ཕྱག་ན་པདྨོའི་བརྩེ་སེམས།》《གངས་ལྗོངས་མཆོད་བསྟོད་ཆེན་མོ།(སྤྲོ་ཚོགས།)གཡས་འཁྱིལ་དུང་གི་སྒྲ་དབྱངས།》《སྤྲེལ་རྫོང་གི་གཟི་འོད།》《འགྱུར་མེད་ཀྱི་སྤུན་ཟླ།》《མེ་ཏོག་གི་ལང་ཚོ།》《ཉི་ཟླའི་གཞིས་ཁྱིམ།》《མདུན་སྐྱོད་ཀྱི་གླུ་སྒྲ།༼ཨ་མའི་རེ་བ། དཔལ་མགོན། གདུ་བྷེ། རྡོ་རེ། སྨོན་ལམ་སོགས་ཀྱིས་བླངས། འོད་སྡེར།༽ ༈ ཤིང་བྱ༢༠༠༥ལོར།རེ་སྒུག་གི་ཟླ་བ།》《རི་བོ་གངས་དཀར།》《གཡུ་འབྲུག་ཁ་སྤྲོད།》《དགེ་ལེགས་འོད་སྣང་འགྱེད་པའི་ཉི་གཞོན།》《འོད་ཀྱི་རེ་སྨོན།(བརྙན་འཁོར།)གངས་དཀར་རི་བོའི་ཞབས་རྗེས།》《དགེ་ལེགས་དང་པོའི་འབོད་བསྐུལ།》《གཡུ་འབྲུག་སྔོན་མོ།》《ངོ་མཚར་གྱི་བཞད་སྒྲ།》《མགྲོན་པོ་ཐོག་མ།》《རྔ་ཀླུང་གཙང་བོའི་འབོད་སྒྲ།》《རྨ་ཆེན་གངས་རིའི་རླུང་།》《གངས་རིའི་རེ་སྨོན།》《ཉི་མ་ལྷ་ས།༈ མེ་ཁྱི༢༠༠༦ལོར།མཐོ་སྒང་གི་གླུ་སྒྲ། དཔལ་མགོན། གདུ་བྷེ། ནམ་མཁའ། རྡོ་རེ། ལྷ་མོ་འཚོ་སོགས་ཀྱིས་བླངས།》《གེ་སར་བཞད་སྒྲ།(དགོང་འཚོགས།)ཞི་བདེའི་ཅོང་བརྡ།༼ཨ་སྔོན་གྱི་དུང་ཟླ། དཔལ་མགོན། གདུ་བྷེ། རྡོ་རེ། སྨོན་ལམ། མགོན་པོ་དོན་འགྲུབ། ནམ་མཁའ། ཤེར་བསྟན། རྡོ་བསྟན་པ་དར་རྒྱས་སོགས་ཀྱིས་བླངས།༽བྲག་ཅ།༈ མེ་ཕག༢༠༠༧ལོར།གངས་ཅན་ཨར་ཇག་རི་བོའི་དྲག་རླུང་།》《གངས་ལྗོངས་རྫོགས་ལྡན་བསུ་བའི་འབྲུག་སྒྲ།》《གངས་སེང་དཀར་མོའི་གད་རྒྱངས།༼ཁྱོད་དང་ངའི་བར་ཐག དཔལ་མགོན། གདུ་བྷེ། རྡོ་རེ། སྨོན་ལམ། མགོན་པོ་དོན་འགྲུབ་སོགས་ཀྱིས་བླངས།༽རིགས་ཞེན་གྱི་འབོད་པ།》《བརྩེ་ཆེན་ཉི་མའི་གྲོགས་པོ།》《སྤྱོད་པ་གཞན་ཕན།》《རང་སྡེ་ཁྲ་མོ།》《མ་ཕམ་གཡུ་མཚོ།》《ལས་རེད།》《མཐོ་སྒང་གི་གླུ་སྒྲ།༈ ས་བྱི༢༠༠༨ལོར།ང་དང་ཁ་བའི་རེ་འདུན།》《ཁ་བའི་དུང་སེམས།》《གངས་ཆབ་ཟེགས་མའི་འགྱུར་ཁུགས།》《དུང་སེམས་ཀྱི་རི་མོ།》《ཁ་བའི་ལས་དབང་།》《ཀུན་དགའ།༈ ས་གླང་༢༠༠༩ལོར།མ་འོངས་པའི་རེ་ལྟོས།》《དྲན་གདུང་།》《ལོ་སར་དགོང་ཚོགས་པི་ཝང་གི་འཇིག་རྟེན། འོད་སྡེར།༈ ལྕགས་སྟག༢༠༡༠ལོར།དགེ་སློབ་སེམས་ཀྱི་རང་མདངས།》《བཅོས་མིན་དད་པའི་རང་སྒྲ།༈ ལྕགས་ཡོས༢༠༡༡ལོར།མཐོ་སྒང་བུ་མོའི་སེམས་འདུན།༈ ཆུ་འབྲུག༢༠༡༢ལོར།གཡུ་འབྲུག་གི་ང་རོ།》《གངས་རྒྱལ་ཏི་སེའི་བུ་རྒྱུད།༈ ཆུ་སྦྲུལ༢༠༡༣ལོར།ཁུ་བྱུག་གི་བརྩེ་བ།༈ ཤིང་རྟ༢༠༡༤ལོར།གླིང་དཀར་སྟོད་ཀྱི་འགྱུར་ཁུགས་སྤྲོ་ཚོགས།བཅས་དང་། གཞན་སྒྲ་ཐག་དང་བརྙན་འཁོར་ནམ་ཕུད་ཀྱི་ལོ་ཚིགས་མི་གསལ་བ་རྣམས་ནི།རྡུང་ལེན་ཐོས་པ་དགའ་སྐྱེད།》《རྟགས་འཕེལ་དཔལ་གྱི་རྒྱལ་མཚན།》《རྫོགས་ལྡན་སྤྲིན་གྱི་རོལ་མོ།》《སྐྱེ་ཕྲེང་མུ་ཏིག་མཛེས་རྒྱན།》《སྤྱན་གཟིགས་བསུ་བའི་ཕོ་ཉ།》《གངས་ལྗོངས་དཔྱིད་ཀྱི་རྒྱལ་མོའི་གདངས་དབྱངས།》《འགྲོ་ཕན་ཆོས་དུང་དཀར་པོའི་རྒྱང་འབོད།》《ངའི་ལས་དབང་།》《བོད་ཀྱི་སྒྲ་སྙན་རྡུང་ལེན་གསར་བ།སོགས་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་ཁོང་གི་མགྲིན་པ་དབྱངས་ཀྱི་རྒྱལ་མོ་ལ་དྲངས་ཏེ་ཁ་བ་རི་བའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཕ་སྐད་གཙང་མའི་དྲུག་འགྱུར་དབྱངས་ལ་གྱེར་བའི་གླུ་དང་རྡུང་ལེན་དག་ནི་རྒྱལ་པོ་ཆེན་པོའི་གན་མཛོད་ལྟར་བགྲང་གིས་མི་ལང་བ་དང་། དེ་དག་རེ་རེའི་གླུ་ངག་དང་སྙན་འཇེབས་སྒྱུ་རྩལ་གྱི་ཁྱད་ཆོས་ནི་བརྗོད་ཀྱིས་མི་ལང་བའི་གཏམ་ཡིན་མོད། ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་སྐྱེས་སུ་ཉུང་ཙམ་ཞུ་ན། བོད་པ་ཚང་གི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལ་བསྟོད་པ་སོགས་སྤྱི་དང་། བྱེ་བྲག་ནང་བསྟན་ཆོས་ཀྱི་དགེ་མཚན། བླ་མ་དགེ་བཤེས་དག་གི་རྣམ་ཐར། ཆོས་ཀྱི་སྡེ་ཆེན་པོ་རྣམས་ཀྱི་གནས་བསྟོད། མི་བུ་འཇོན་ཐང་ཅན་རྣམས་ཀྱི་མཛད་འཕྲིན་སོགས་ལ་གླུ་ངག་གིས་མཆོད་པ་ཕུལ་བ་ཐེངས་གཅིག་གཉིས་ཤིག་མིན། ཁྱད་པར་དུ་ཁོའི་གླུ་དང་རྡུང་ལེན་གང་བླངས་ཀྱང་གཞན་སེམས་འགུག་པའི་ནུས་པ་བླ་ལྷག་ལྡན་ཏེ་བོད་མི་རིགས་གཙོས་མི་རིགས་གཞན་པ་ལའང་ཉན་འདོད་ཆེ་ཞེས་རྒྱ་ནག་གི་གྲོགས་པོ་ཞིག་དང་ཁ་ཆེ་བ་གཉིས་ཀྱིས་བཤད་པ་མང་པོ་ཞིག་གིས་ཐོས་ཡོད།


གཞན་ཁྱིམ་པ་ཕོ་མོ་ཚོ་ལའང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་བསླབ་བྱ་སོགས་བོད་སྐད་གཙང་མས་བླངས་ནས་ལམ་སྟོན་གྱི་སྒྲོན་མེ་མཛད་རྒྱུ་ནི་གདུ་བྷེའི་དམ་བཅའ་ཡིན་ཞེས་བཤད་པ་ནང་བཞིན། དུས་རབས་ཤིག་གི་འཕོ་འགྱུར་རྟོགས་པ་དང་། མི་རིགས་རང་གི་སྐད་ཡིག་གཅེས་སྐྱོང་བྱེད་པ་ནི་གདུ་བྷེའི་སྙིང་སྟོབས། ཆོལ་ཁ་གསུམ་གྱི་བརྟན་གཡོའི་དགེ་མཚན་ཐམས་ཅད་སྤོབས་པའི་གད་རྒྱངས་ཀྱིས་ལེན་པ་ནི་གདུ་བྷེའི་ལ་རྒྱ། གཞན་ལ་ཉེས་དམོད་ཁྱད་གསོད་མེད་པ་ནི་གདུ་བྷེའི་མི་གཞི། གྲོགས་ཕན་ཚུན་ལ་ང་རྒྱལ་དང་འགྲན་སེམས་ཡེ་མི་བྱེད་པ་ནི་གདུ་བྷེའི་འཇོན་ཐང་། མདོར་ན་གདུ་བྷེའི་སྐད་ངག་གི་འགྱུར་ཁུག་རེ་རེ་དང་། གླུ་ཚིག་གི་ནང་དོན་རེ་རེ། ཡང་ན་ཁོས་བཤད་པའི་སྐད་ཆ་རེ་རེའི་དངོས་ཤུགས་གང་རུང་ནས་རྟོགས་ཐུབ་པ་ནི་བོད་མི་ས་ཡ་དྲུག་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དང་དན་རྟགས་སུ་བཞག་པའི་ལ་རྒྱའི་རྡོ་རིང་ཁོ་ན་ཡིན་ཞེས་བརྗོད་ཆོག་ཆོག་གོ །


མདོ་སྨད་ཕྱོགས་ནས་བཤད་ན། མཐོ་སར་ངོ་བསྟོད་དང་དམའ་སར་རྡོག་རྫི་གཏོང་མཁན་གྱི་ད་ལྟའི་བོད་པའི་སྤྱི་ཚོགས་སྟེང་གི་གླུ་བ་གླུ་མ་ཡིག་ངོ་མི་འཁྱོང་བ། མིང་སྐམ་ཙམ་གྱིས་དོན་དུ་གླུ་དང་སྒྲ་རྡུང་ཁུལ་ཙམ་ལས་ཚིག་དབྱངས་ཀྱི་སྡེབ་མི་འཕྲོད་པ། གླུ་ཚིག་གི་ནང་དོན་དང་གར་ཉམས་ཡ་མ་ཟུང་། ངག་ལ་གླུ་ཚིག་མི་བྱང་བ་རྒྱ་མ་བོད་པའི་སྐད། ལུས་ན་རང་ཉམས་མེད་པ་རྒྱ་མིན་བོད་མིན་དག་དག་གིས་རྒན་དཔལ་མགོན་དང་གངས་ལྗོངས་ཁུ་བྱུག་སྔོན་མོ་གདུ་བྷེ། ཡ་དུང་། གཡུང་དྲུང་རྒྱལ། རྡོ་རེད། རྡོ་བསྟན་པ་དར་རྒྱས། དགའ་ལྡན། ཧོར་ཚང་སྨོན་ལམ། བློ་གསལ། མགོན་པོ་དོན་འགྲུབ། རྨ་ཆུའི་བསམ་གཏན། ཆོས་འཛོམས། དངོས་གྲུབ་སྒྲོལ་མ། ཤེར་བསྟན། དགེ་ལེགས། ཚུལ་ཁྲིམས། རྨ་གཞུང་སེང་ཕྲུག ཀླུ་ཆུའི་སྒྲོལ་མ་སྐྱབས། འཇིགས་བྱེད་འཚོ། བཀྲ་ཤིས་སྒྲོལ་མ། གདུགས་དཀར་ཚེ་རིང་། སྒྲོལ་མ་སྐྱབས། ཕུར་བ། ནམ་མཁའ་སོགས་ལ་ལད་བཟློས་བྱེད་པ་ནི་སྟག་འཕྱོང་སར་ཝ་མོ་འཕྱོང་ཟེར་བའི་དཔེ་ལས་མ་འདས་པ་ཡིན་ཏེ། ད་ལྟའི་གླུ་བ་གླུ་མ། རྡུང་ལེན་པ་མང་ཆེ་བ་ནི་གླུ་དང་རྡུང་ལེན་སྒྱུ་རྩལ་ལ་བྱང་ཆ་མེད་པ། ཚིག་དབྱངས་དོ་མི་མཉམ་པ། སྐད་ངག་མི་འཛོམས་པར་མ་ཟད། ཐ་ན་སྒྲ་དག་གསལ་གསུམ་སྒོས་ཡི་གེ་དག་མོ་ཞིག་ཀྱང་འདོན་མི་ཤེས་པ་དག་དག་གིས། རང་གིས་རང་ལ་མིང་མཚར་བོ་རེ་བཏགས་ནས་མི་ཚོགས་ཆེ་སར་ཡིན་འདོག་སྟོན་བཞིན་པའི་གླུ་བ་གླུ་མ་ཚོ་ནི་ངོ་མ་སྙིང་རྗེ་བོ་ཞིག་ཏུ་གྱུར་འདུག ཁོ་ཚོ་ལ་རང་རྐྱ་འཕེར་བའི་སྐད་ངག་དང་ཚིག་དབྱངས་སོགས་ཅི་ཡང་མེད་པར་མི་ཚེ་གང་བོར་གདུ་བྷེ་སོགས་ལ་ལད་ཟློས་བྱེད་མཁན་དག་དག་ཡིན། ལད་ཟློས་དེའང་དག་མ་ཞིག་འཁྱོང་བར་ཕར་ཟད། རྡུང་ལེན་པ་སྔོན་མ་དག་གི་ཚིག་དབྱངས་གཉིས་ལ་ཞབས་འདྲེན་བྱེད་ཞོར་གཟེངས་རྟགས་རེ་ལག་ཏུ་འབྱོར་ཚེ། ཁོང་རྣམ་པའི་བཀའ་དྲིན་ཡིན་པ་ངོ་མི་ཤེས་པའི་རྡུང་ལེན་པ་ཆ་ལེ་ཆོ་ལེ་བཟའ་ཟླ་ལ་ཉིས་འཐོར་སུམ་འཐོར་བྱེད་མཁན་ད་ལྟའི་སྤྱི་ཚོགས་ཁྲོད་ཡུགས་ས་དང་ཡུགས་མོ་ཆར་ཤུལ་གྱི་ཤ་མོ་ཇི་བཞིན་བགྲང་གིས་མི་ལང་། དེ་དག་ལ་ཁ་སྟོང་ནང་གི་ཚིག་སྟོང་མ་གཏོགས་ཅི་ཡང་མེད་པ་ནི་ཕྱི་གསལ་ནང་གསལ་ཡིན་ཏེ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དག་ནི་གསོན་དྭ་ཕུད་པ་ཉུང་ཉུང་མིན། ད་སྐབས་ཕ་ཡོད་ན་མ་མེད་པ། མ་ཡོད་ན་ཕ་མེད་པ་དག་ནི་གླུ་བ་གླུ་མ་མགོ་སྟོང་ཚོས་དུས་རབས་ལ་བཞག་པའི་ངན་སྤྱོད་ཏག་ཏག་རེད།


དེ་རིང་ནངས་ཁ་ཐད་གཏོང་ཟེར་བ་འདི་དར་བ་ནས་བཟུང་གླུ་བ་གླུ་མ་སེམས་ཁོང་ན་མི་རིགས་ལ་ཤ་ཞེན་རུས་ཞེན་གཏན་མེད་པ། ངག་ནས་བོད་སྐད་དག་མ་མི་འཁྱོང་བ། ལུས་ལ་བོད་པ་ཚང་གི་ཁྱད་ཆོས་མི་ལྡན་སྐྲ་སེར་ལ། གདོང་དཀར་བ། མཆུ་དམར་ལ། སྨིན་མ་བྲིས་མ་ཏག་ཏག་གིས་མར་དྲི་རྩམ་དྲི་འཐུལ་བའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གླུ་དང་རྡུང་ལེན། ལ་གཞས་བྲོ་སོགས་མི་རིགས་གཞན་པའི་འགྲོས་འགེབ་ཀྱི་རྡུང་ལེན་བྱེད་མཁན་དག་ནི་བསམ་དཀར་བོད་པ་ཚོས་མཐོང་ན་ངོ་མ་དགོད་ཀྱང་སྤྲོ་ལ་ངུ་ཡང་སླ་བའི་གཏམ་ངན་ཞིག་གིས་གང་ས་གང་དུ་ཁྱབ་བཞིན་འདུག ངོ་མ་བཤད་ན་དེ་དག་ཚང་མ་གླུ་ལེན་བྲོ་རྡུང་ལ་ཉོག་རྫོབ་བཟོ་མཁན་ལས་མ་འདས་སོ། །


གསུམ་པ། སྐུ་འདས་རྗེས་གངས་རིའི་ཕྱི་ནང་ཡོངས་ལ་གྲགས་འགུལ་སློང་ཚུལ།


སྐུ་འདས་མ་འདས་ཀྱི་བར་གངས་རིའི་ཕྱི་ནང་ཡོངས་ལ་སྔར་བྱུང་མ་མྱོང་ཞིང་རྗེས་ནས་ཀྱང་འབྱུང་མི་སྲིད་པའི་གྲགས་འགུལ་སློང་ཚུལ་ནི། སྐུ་མ་འདས་གོང་དེ་མ་ཐག་སྙུང་གཞི་ཇེ་ཐུར་སོང་དུས་མི་མང་པོ་མང་པོ་ཞིག་གིས་སྒེར་གཞུང་གཉིས་ནས་སྨྱུང་གནས་མ་ཎི་དུང་ཕྱུར་མང་པོ་དང་། ཚེ་ཐར་སྲོག་བསླུའི་གྲངས་ནི་བགྲང་གིས་མི་ལང་། གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་ཁག་དུ་མའི་ཁོང་གི་ཕྱི་ནང་གི་སྙུང་གཞིའི་ཆེད་དུ་འདོན་སྐུ་རིམ་དངོས་སུ་སྒྲུབ་པ་འདི་འདྲ་བ་ད་ལྟ་བོད་ཁུལ་ཡོངས་ལ་མཚོན་ནས་བཤད་ན་རྒྱལ་བ་པཎ་ཆེན་རྣམ་གཉིས་ལས་གཞན་སྐྱེས་བུ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་ཡོད་ཀྱང་འདི་འདྲའི་ཞབས་བརྟན་སྒྲུབ་པ་བཤད་རྒྱུ་མེད་ཚོད་འདུག ད་རུང་མི་བུ་ལྷག་བསམ་ཅན་འགའ་རེས་སྨན་ཡོན་སོགས་ཕངས་མེད་དུ་བཏང་བ་འདིས་ཀྱང་གདུ་བྷེའི་རིན་ཐང་རྟོགས་ཐུབ་པོ། །

མདོར་ན་མཐོ་བླ་མ་དང་མི་དཔོན། དམའ་རོང་འབྲོག་མང་ཚོགས་ཚང་མས་འདོན་སྐུ་རིམ། ཚེ་ཐར་སྲོག་བསླུ། མ་ཎི་སྨྱུང་གནས་སོགས་སྒྲུབ་པ་བརྗོད་ཀྱིས་མི་ལང་མོད། འོན་ཀྱང་སྔོན་གྱི་ལུས་ལ་བཅོས་པའི་ཐབས་མེད་པ་རེད་མ་གཏོགས། འཕྲལ་གྱི་རྐྱེན་ཙམ་མིན་པ་བོད་པ་ཚང་མས་ཤེས་གསལ་ལྟར། དེས་ནས་འདས་པོ་ཁོང་གི་ཚེ་ཚད་རྫོགས་པ། ཁྱིམ་མིའི་བསོད་ནམས་དམན་པ་སོགས་ཀྱི་དབང་གིས་སྐུ་མ་དབང་ཕྱི་མར་བུད་སོང་ཟེར་བའི་སྐད་ངན་དེ་གོ་མ་ཐག་གངས་རིའི་ཕྱི་ནང་ཡོངས་ལ་གྲགས་འགུལ་ཚབ་ཆེན་བསླངས་ནས་ས་དགེ་རྙིང་གསུམ། ཇོ་བོན་རྟོགས་གསུམ་སོགས་མདོར་ན་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་སྐྱེས་ཆེན་དག་གིས་དབུ་མཛད་ནས་དགེ་བསྔོ་མཛད་པ་བགྲང་གིས་མི་ཟིན་པ་ཞིག་ཡོད་པ་དེ་སྐབས་ཀྱི་བརྙན་ལམ་ཁག་དང་དྲ་ལམ་སོ་སོ་ནས་ཀུན་གྱིས་མཐོང་བ་ཤེས་གསལ་ལྟར་སྨྲ་བསམ་བརྗོད་མེད་དོ། །

ལྷག་དོན་དཔལ་རྒྱལ་བ་ཀརྨ་བ་སོགས་བླ་ཆེན་ཁག་ཅིག་གིས་འདས་པོ་ལ་མྱ་ངན་ཞུ་ཚིག་དང་བསྔོ་ཞུས་ཕུལ་ཚུལ་མཐོང་བ་མངོན་གྱུར་མང་དུ་ཡོད་ནའང་ཕྱི་ནང་གི་བཀག་རྒྱ་ལས་བཤད་མ་སྤོས། གཞན་མི་སེར་གྱི་ཁྲོད་ནའང་དེ་བཞིན་བྱེད་མཁན་མང་དུ་ཡོད། སྐུ་གདུང་ནི་མདོ་ཁམས་སྨད་ཀྱི་ཆོས་ཀྱི་སྡེ་ཆེན་པོ་ཨ་མདོ་བཀྲ་ཤིས་སྒོ་མང་ངམ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཀྱི་མཚོ་འཁྱིལ་ར་བར་གདན་དྲངས། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་རིན་པོའི་ཆེའི་གཙོས་བླ་གྲྭ་མང་པོ་ཉིན་རེ་བཞིན་གདན་དྲངས། ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་མང་མ་བོས་གཅིག་མཐུན་གྱིས་ཕེབས་ནས་བསྔོ་བ་སྨོན་ལམ་མང་པོ་གསུངས། གསར་ཕྱོགས་ཀྱི་བླ་མ་དགེ་བཤེས་བརྒྱ་ལྷག་ལ་མ་ཎི་བསྔོ་རྟེན་ཕུལ། རང་ཡུལ་གྱི་ཁྱོ་ཁོའི་མཚན་སྒྲོགས་དགོན་དང་ཞལ་ཤུལ་དགོན་ཁག་གཉིས་ནས་བླ་གྲྭ་མང་པོར་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདུན་ཕྲག་དུ་མར་གསུང་དུ་བཅུག རང་དགོན་གཉིས་ཀྱི་གཙོས་མང་ཇ་སྐུ་འགྱེད་སོགས་ས་དགེ་རྙིང་གསུམ་གྱི་དགོན་ཁག་མང་པོ་ཕུལ། ཇོ་བོ་ཡིད་བཞིན་ནོར་བུར་ཞལ་གསེར་ཕུལ་བ་སོགས་འདས་པོ་ལ་ཕན་པའི་དགེ་བ་གང་སྒྲུབ་ཐམས་ཅད་སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་འགྲོ་དོན་སོགས་ལ་བསྔོས་ཡོད་པ་གདོན་མི་ཟའོ། །

ཕྲན་གྱིས་མི་ལོ་ཉེར་ལྔའི་བར་དུ་སྐྱ་སེར་རིས་སུ་མ་ཆད་པར་གཤིན་རྩིས་བརྒྱ་ཕྲག་ཁ་ཤས་ཤིག་བྱས་མྱོང་ནའང་འདས་པོ་ཁོང་ལ་བབས་པའི་གཤིན་རྩིས་འདི་ཡ་མཚན་པ་ཞིག་ཡིན། དེའི་སྐབས་ཀྱི་གནས་ཚུལ་ནི་དབལ་ཤུལ་རྡོ་རྗེ་དལ་མོ། ཁོང་གི་སྤུན་སོགས་ནང་མི་ཉུང་ཤས་ཤིག་ལ་སྐད་ཆ་འདི་ལབ་པ་མ་གཏོགས། གཞན་སུ་ལའང་བཤད་མྱོང་མེད། ལྷ་སྐལ་ལ་སྤྱན་རས་གཟིགས་ཀྱི་ཞིང་བཀོད། ཆོས་སྐལ་ལ་མ་ཎི་ཡིག་དྲུག་བྱེ་བ། བཟང་སྤྱོད་སྟོང་། ལྟུང་བཤགས་སྟོང་། སྐྱབས་འགྲོ་ཡིག་བརྒྱ་འབུམ། སྨོན་ལམ་རྣམ་ལྔ་གང་མང་། དམིགས་བརྩེ་མ་ཁྲི་ཚར། གུ་རུ་སིདྡྷི་ཁྲི་ཚར། མར་མེ་ཅི་འབྱོར། དགེ་འདུན་སྡེ་ལ་བསྙེན་བཀུར། སྦྱིན་གཏོང་ཚོགས་བསགས་གང་ཐུབ་རེ་ལ་འབད་རྒྱུ་སྐུ་མཁྱེན་གསུང་མཁྱེན་ཞེས་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་བོད་པ་ཡོངས་ལ་ཆེད་དུ་ཞུས་པའོ། །རྗེས་ནས་ཁྱིམ་མི་ལ་སྟབས་བདེ་ཡོང་ཆེད་སྤྱན་རས་གཟིགས་ཀྱི་ཞིང་བཀོད་མ་བཞེངས་པར། གསེར་ཟངས་ལས་གྲུབ་པའི་སྐུ་འབྱོན་ལེགས་རེ་བླུས་ནས་ཁྱིམ་ཁ་གཉིས་ཀྱིས་ཁྱེར།

རྡུང་ལེན་སྒྱུ་རྩལ་བ་ཆེན་མོ་གདུ་བྷེ་ལ་བརྗོད་ན་མི་ཚར་བའི་སྐད་ངག་དང་། བྲིས་མི་ཚར་བའི་ལོ་རྒྱུས། ཉན་མི་ཚར་བའི་གླུ་དང་རྡུང་ལེན་སོགས་མང་པོ་ལས་ཀྱང་ཆེས་མང་པོ་ཡོད་པ་སྨོས་མ་དགོས་པའི་གཏམ་དུ་གྱུར་ནའང་། ད་སྐབས་གདུ་བྷེ་ཁོང་ལ་རྗེས་མངའ་ཡོད་མེད་ཐམས་ཅད་ཀྱིས་ཁོང་གི་སྐད་ངག་གི་རིན་ཐང་། སྒྱུ་རྩལ་གྱི་ཁྱད་ཆོས། མི་གཤིས་འཇོན་ཐང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ལ་མཉམ་གཤིབ་བྱེད་དང་བྱེད་མུས་སུ་མཆིས་པ་འདིའང་དགའ་འོས་པ་ཞིག་ཏུ་འགྱུར་སྲིད་མོད། ཡིན་ནའང་གནའ་མི་རྒད་པོའི་ཁ་དཔེར། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་པ་ཞིག་གིས་སྨད་ནས་བཟང་ཟེར་བ་ལས་མ་འདས་པ་སྐོར་རེ་གཉིས་ཤིག་མཆིས་ན་ཡང་མི་སྐྱོན་སྙམ་སོང་། རྒྱུ་མཚན་ནི་ཁོ་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་དུ་ཡོད་པ་མཚོན་ཐུབ། དེ་དག་རེ་རེའི་གདུ་བྷེ་མཐོང་ཚུལ་དང་ལྟ་ཚུལ་མི་འདྲ་བའི་དབང་གིས་བརྗོད་ཚུལ་ཡང་དེ་བཞིན་ནོ། །


སྨྲས་པ། ལུས་ལ་རྩལ་གསུམ་འཛོམ་པ་བདུད་འདུལ་རྡོ་རྗེ། །ངག་ལ་ཚངས་དབྱངས་འཁོར་བ་གངས་ལྗོངས་ཁུ་བྱུག །ཡིད་ལ་རང་རིགས་ཟབ་པ་ལ་རྒྱའི་གླུ་བ། །ནམ་ཀུན་འབྲལ་ཐབས་མེད་པ་བརྩེ་ལྡན་གངས་ཕྲུག །སྙན་འཇེབས་དབྱངས་བདུན་རྫོགས་པ་གདུ་བྷེའི་སྐད་ངག །ཁ་བའི་སྐྱིད་སྡུག་འགུགས་པ་གདུ་བྷེའི་ཁྱད་ཆོས། །སློབ་གསོའི་ནུས་ཤུགས་ཆེ་བ་གདུ་བྷེའི་འཇོན་ཐང་། །རྡུང་ལེན་སྒྱུ་རྩལ་དར་བ་གདུ་བྷེའི་བཀའ་དྲིན། །གངས་རིའི་འཕོ་འགྱུར་རྟོགས་པ་གདུ་བྷེའི་རྣམ་དཔྱོད། །དྲང་བདེན་གཤིས་ཀ་འཇམ་པ་གདུ་བྷེའི་མི་གཞི། །མཐུན་སྒྲིལ་བོད་ལ་ཆེ་བ་གདུ་བྷེའི་སྙིང་སྟོབས། །ཕ་སྐད་གཙང་མས་ལེན་པ་གདུ་བྷེའི་དམ་བཅའ། །བཤད་ན་ཚར་རྒྱུ་མེད་པ་གདུ་བྷེའི་ལོ་རྒྱུས། །བྲིས་ན་རྫོགས་མཐའ་བྲལ་བ་གདུ་བྷེའི་མཛད་འཕྲིན། །ཉན་ན་སུན་རྒྱུ་མེད་པ་གདུ་བྷེའི་གླུ་སྐད། །བསམ་ན་བློ་ངོར་མི་ཤོང་གདུ་བྷེའི་མི་ཚེ། །ཞེས་ལ་རྒྱའི་རྡོ་རིང་ཆེན་མོ་གངས་ལྗོངས་གླུ་བའི་ཁྱུ་མཆོག་ཁྲོ་ཁོའི་བདུད་འདུལ་རྡོ་རྗེའི་མཛད་རྗེས་ཉུང་ཙམ་གླེང་བ་འདི་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་བརྗོད་ཅི་ཐུབ་གང་ཐུབ་ལ་འབད་ཁུལ་བྱས་ཡོད་ནའང་ཕྲན་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་པ། ལྟ་མཐོང་རྒྱུས་གསུམ་ཆུང་བ། རྣམ་གཡེང་གི་གཡོག་ཏུ་རྒྱུག་པ་མང་དྲགས་པ། ལོ་རྒྱུས་ལ་མཉམ་གཤིབ་བྱེད་པའི་དུས་ཡུན་ཐུང་བ། བཅར་འདྲི་བྱེད་ཡུལ་གཙོ་བོ་རྣམས་ཚེ་ཡི་འཕེན་པ་རྫོགས་ཚར་བར་མ་ཟད། སྐུལ་བ་པོ་རྣམས་ཀྱིས་རྟ་ལ་ལྕག་གིས་བྲབ་པ་བཞིན་འཕྲིན་ངག་གཉིས་ཆར་ནས་ཡང་ཡང་གཅར་བ་སོགས་རྐྱེན་སྣ་ཚོགས་ཤིག་གིས་རྩོམ་པ་པོ་དང་ཀློག་པ་པོ། དགའ་མོས་བྱེད་མཁན་ཚང་མ་ལ་ཐུགས་ཡིད་ཚིམ་པོ་ཞིག་འོང་མེད་པས། རྗེས་ནས་ཞིབ་འབྲི་ཞིག་ལ་སྨོན་ལམ་འདེབས་བཞིན་སྙན་ངག་སྨྲ་བའི་གྲལ་མཐའ་བ་རྫ་ཤུལ་བློ་བཟང་རྒྱ་མཚོའམ་དབྱངས་ཅན་ངག་གི་འདོད་འཇོས༢༠༡༩ལོའི་ཟླ་ཚེས་ལ། རྒྱལ་མོ་ཚ་བ་རོང་མཚམས་གནས་དགོན་བཤད་གྲྭ་ཐོས་བསམ་ནོར་བུའི་གླིང་ལ་རིག་གནས་འཆད་ཁྲིད་སྐབས་ཁོམ་པ་གང་ཡོད་ལ་བྲིས་ཏེ་མཇུག་རྫོགས་པར་བྱས་པའོ། །







བཅར་འདྲི་བྱེད་ས་མི་སྣ་གཙོ་བོ་འགའ།


( ༈ བཅར་འདྲི་བྱེད་ཡུལ་དང་པོ་ནི། ཨ་མདོའི་རྡུང་ལེན་མཁན་པོ་རྒན་དཔལ་མགོན་ལགས་ལ༢༠༡༨ལོའི་ཧོར་ཟླ༡༡ཚེས༡༥ཉིན། སྔ་དྲོ་ཆུ་ཚོད༡༡དང་ཕྱེད་ཀའི་སྟེང་ནས་ཆུ་ཚོད༡༢དང་ཕྱེད་ཀའི་བར་ཡིན། ཁོས་བཤད་དོན། ཟླ་བ་བརྒྱད་ལ་སྒྲ་ཁྲིད། རྣམ་ཐར། གསུང་མགུར། མང་པོ་ཞིག་བཤད་གསུངས།

༈ བཅར་འདྲི་བྱེད་ས་གཉིས་པ་ནི། ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་བ། གེ་སར་ཞིབ་འཇུག་པ་དང་ས་གནས་ལོ་རྒྱུས་ཞིབ་འཇུག་པ། ༡༩༧༩ལོའི་རྨ་ཆུའི་ཟམ་སྟོན་རིག་རྩལ་མགོ་འཛིན་པ་རྒན་འཇམ་དབྱངས་ལགས་ལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཆུ་རྫོང་ཁོང་གི་ཁྱིམ་གཞིས་ནས༢༠༡༨ལོའི་སྤྱི་ཟླ༡༢པའི་ཚེས༡༧ཉིན་གྱི་ཕྱི་དྲོ་དུས་ཚོད་གསུམ་པ་ནས་ལྔ་བའི་བར་གདུ་བྷེ་དང་འབྲེལ་ཡོད་སྐོར་ཉུང་ཙམ་ཞིག་དྲིས། ཁོང་གིས་བཤད་དོན། དེ་དུས་ཁོ་བོ་ནི་རྫོང་རིག་སློབ་ཁང་གི་ལས་བྱེད་པ་ཡིན། རྫོང་གི་མགོ་ཁྲིད་པས་ལས་བགོས་ལྟར་རྨ་ཟམ་སྟོན་མོའི་རིག་རྩལ་མགོ་འཛིན་བྱེད་སྐབས། དམངས་ཚོགས་ནང་དུ་གླུ་བ་གླུ་མ་ཡོད་ན་གར་སྟེགས་སུ་ཕེབས་པར་དགའ་བསུ་ཡོད་ཅེས་བརྡ་བཏང་བར་བརྟེན། གདུ་བྷེ་ཕ་རྒན་བཀྲ་ཤིས་ལགས་ཀྱིས་གར་སྟེགས་སུ་ཁྲིད་ནས་གླུ་ལེན་དུ་བཅུག སྐབས་དེར་ཁོ་ལ་ཅུང་སྐྲག་སྣང་ཡོད་ཚོད་འདུག་ན་ཡང་སྐད་ངག་སྙན་མོ་དང་འབྲོག་གླུ་ལེན་སྟངས་ཡག་པོ། འབྲོག་ཕྲུག་རྣལ་མ་ཞིག་གི་གཤིས་ཀ་འཛོམས་པ་སོགས་ཀྱིས་དེར་འདུས་སྐྱེ་བོ་ཀུན་ལ་སྙན་དབང་གསོ་བའི་བདུད་རྩི་དང་ཡིད་སེམས་འགུགས་པའི་ལྕགས་ཀྱུ་རུ་འགྱུར་ཡོད་པས། ཡང་དང་བསྐྱར་དུ་དགའ་བའི་ཀུ་སྒྲ་དང་དུང་བས་ཐལ་མོ་རྡབ། དེ་ནས་བཟུང་ཁྱོ་ཁོའི་ཞི་ལུ་གདུ་བྷེ་སྐད་ཅན་པོ་ཞེས་སྙན་གྲགས་ཁྱབ་མགོ་བརྩམས་པར་མ་ཟད། ཁོའི་མིང་ཤེས་མཁན་ཡང་ཇེ་མང་དུ་གྱུར། དགའ་རྟགས་ལ་དཀར་ཡོལ་འབྲུག་རིས་མ་ཞིག་དང་། གོས་ཆེན་ལུས་ཚད་མ་སོགས་དེའི་སྐབས་ཀྱི་གཟེངས་རྟགས་གྱ་ནོམ་པའམ་ཡིད་ཚིམ་པ་ཞིག་ཁོ་ལ་བསྩལ།

 ཡང་ཁོང་གིས་བཤད་དོན། གདུ་བྷེའི་ཁྱད་ཆོས་གཙོ་བོ་ནི། མི་གཞི་ལེགས་པ། ཡ་རབས་སྤྱོད་བཟང་ཡིན་པ། གཞན་ལ་འགྲོགས་བདེ་བ་སོགས་དང་། མ་ཚད་ཁོ་རང་གིས་གང་ཤེས་ཐམས་ཅད་གཞན་ལ་སྐྱོ་ངལ་དང་གཡོ་སྒྱུ་མེད་པར་སློབ་པའམ་སྤེལ་ནས་རྡུང་ལེན་སྒྱུ་རྩལ་འདི་ཉིད་ཁྱབ་བརྡལ་དུ་བཏང་བ་ཡིན་ཞེས་བཤད། ད་རུང་གདུ་བྷེ་ལ་ཁྱད་ཆོས་མང་པོ་ཡོད་པ་ནི་སྐྱེ་བོ་དྲགས་ཞན་སུས་ཀྱང་གླུ་ལེན་པར་བསྐུལ་བ་ན་རང་རང་སོ་སོའི་འདོད་མོས་བཞིན་ལེན་པ་དང་།  མིང་གྲགས་ཅན་གྱི་རྡུང་ལེན་པ་གདུ་བྷེ་སྟོན་མོ་སྣ་ཚོགས་གང་ལ་ཕེབས་ཀྱང་གླུ་དང་རྡུང་ལེན་གང་ལ་གང་མཁོ་ལྟར་ལེན་པ་ལས་གླུ་རིན་ལ་ལྟ་མཁན་མིན་པ་འདིའང་གླུ་བ་གླུ་མ་ཚོ་ལ་མེད་པའི་གདུ་བྷེའི་ཁྱད་ཆོས་ཁོ་ནའོ། །ཁྲི་ཆེན་གུང་ཐང་དྲུག་པ་ཆེན་མོ༸རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་མདུན་ནས་རྡུང་ལེན་གྱི་ཕྱག་ཁྲིད་ཐོབ་ཡོད་ཚོད་རེད་བསམ། གལ་ཏེ་ཕྱག་ཁྲིད་དངོས་སུ་ཐོབ་མེད་ཀྱང་བརྒྱུད་ནས་ཐོབ་ཡོད་པ་གསལ་བོ་གསལ་རྐྱང་ཡིན་ཏེ། རྒན་དཔལ་མགོན་ལགས་ལ་ཕྱག་ཁྲིད་ཐོབ་པས་སོ། །

༈ བཅར་འདྲི་བྱེད་ས་གསུམ་པ། ༢༠༡༩ལོའི་སྤྱི་ཟླ༡ཚེས༣ཉིན། ཕྱི་དྲོ་ཆུ་ཚོད་བཞི་ནས་དྲུག་བར། གདུ་བྷེ་ཁོང་གི་སྤུན་ཚེ་རིང་རྒྱ་མཚོ་ལ་རྨ་ཆུ་རྫོང་གི་ཁྱིམ་གཞིས་ནས་བཅའ་འདྲི་བྱས། ཁོས་བཤད་དོན་ཕྱོགས་སོ་སོ་ནས་གྲྭ་བ་གྲོང་བ་སྐྱེས་ཕོ་མོ་གང་མང་ཞིག་གདུ་བྷེའི་ལོ་རྒྱུས་འདྲི་རུ་ཡོང་ནས་འདས་པོ་ཁོང་གི་གྲོགས་པོ་འདང་ཅན་ཡིན་ཚུལ་དང་འགྲོགས་འདྲིས་ཟབ་ཚུལ་སོགས་བཤད་མཁན་ཏག་ཏག་ཡོད་མོད། མཐར་གཏུགས་ན་ས་ཆ་གང་གི་ཡིན་ཡང་མི་ཤེས། ཕ་མ་གཉིས་ཀྱི་མིང་དང་། ཤི་གསོན་གང་ཡིན་ཆ་མ་འཚལ་བའི་གྲོགས་པོ་ཡིན་ཟེར་མཁན་མང་པོ་ཡོད་ཀི ངས་ཁོའི་གྲོགས་པོ་ཡིན་མིན་མི་ཤེས། ཁྱེད་ཉིད་དེ་དང་གཏན་ནས་མི་འདྲ། རྒྱུ་མཚན་ནི་འེད་ཅག་རང་རུ་རང་སྡེ་གཅིག་རེད། ཁྱད་པར་དུ་ཁྱེད་གཉིས་ཆུང་དུས་སློབ་གྲོགས། ཆེ་དུས་གྲོགས་པོ་འདང་རྩིས་ཅན་ཡིན་པ་འདས་པོ་ཁོས་ང་ལ་མང་དུ་བཤད་མྱོང་། ཁོ་འདས་ཆོས་སུ་གྱུར་སྐབས་ཀྱང་གཤིན་རྩིས་བྱེད་མཁན་དང་རོགས་རམ་བྱེད་མཁན་གཙོ་བོ་ཡིན་པས་རེ་བ་ཆེན་པོ་ཡོད། ད་སྐབས་ང་མཁས་ཁྱོད་མཁས་ཟེར་མཁན་མང་དུ་ཡོད་ན་ཡང་འདས་པོའི་ལོ་རྒྱུས་ཁྱེད་མ་གཏོགས་གཞན་པ་ཞིག་གི་འབྲི་ཐུབ་རྒྱུ་མ་རེད་བསམ་གི ཁོ་ལ་གསལ་ཆ་དེ་འདྲ་ཡོད་མཁན་ཉུང་ཉུང་རེད། ཟ་གྲོགས་འཐུང་གྲོགས་ཆ་རེའི་ལོ་རྒྱུས་ཕར་ཞོག ཐ་ན་ནམ་སྐྱེས་ནམ་ཤི་ཙམ་ཡང་ཤེས་བཞིན་མེད་པ་འདྲ། ཞེས་པའི་མཚམས་ནས་བཅའ་འདྲི་དངོས་ལ་ཞུགས། སྐྱེས་ས་གང་ཡིན་དྲིས་པར། མཚན་སྒྲོགས་མཁན་པོས་བཀའ་སྒོས་དམ་བཞག་གི་ཡུལ་སྐྱོང་ཆེན་པོ་ཡོད་དར་མཐོན་པོའམ་སྟོབས་ལྡན་དགྲ་འདུལ་གྱི་ཉེ་འདབས་སུ། རབ་རྒྱལ་ས་སྤྲེལ༡༩༦༨ལོའི་དབྱར་ཟླ་མགོ་མའི་ཚེས་གཅིག་ལ་སྐྱེས་པ་ཨེ་ཡིན་སྙམ། མ་ཡུམ་སྒྲོལ་མ་ལགས་ཀྱིས་ཟླ་ཁོངས་གསལ་བོ་གསལ་རྐྱང་ཡིན། ཚེས་པ་གཅིག་དང་གཉིས་གང་ཡིན་གསལ་བོ་མི་ཤེས་ཀི་ཟེར། ཆུང་དུས་ནས་སྐད་སྙན་མོ་ངག་བདེ་མོ་ཅན་ཞིག་ཡིན། ཕ་མ་གཉིས་གང་ཡིན་ཡང་སྐད་ངག་ཧ་ཅང་སྙན་མོའི་གྲས་ཡིན། ལྷག་པར་དུ་མ་ཡུམ་སྒྲོལ་མ་ལགས་ཀྱིས་ལོ་སར་དང་སྟོན་མོ་འགའ་རེའི་སྐབས་སུ་གླུ་མང་པོ་མི་ལེན་ནའང་ཁོ་མོའི་རྒྱུན་དུ་སྐད་སྙན་མོ་ཁུ་བྱུག་མགྲིན་གླུ་ལ་དྲངས་པའི་གླུ་ཚིག་ནི། དགོང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ། །ཆར་ཟལ་ལི་ཟིལ་ལེ་འབབ་ཀི་སྡོད། །ས་དོག་མོ་ངོ་སོ་བསྟོད་རྒྱུ་བོ། །སྔོ་རྣམ་པ་སྣ་ཚོགས་སྐྱེས་ཀི་སྡོད། །ཁྱོད་གླུ་བ་ངོ་སོ་བསྟོད་རྒྱུ་བོ། །གླུ་ཁ་རེ་ཁུ་རེ་ལོངས་ཀི་སྡོད། །ཅེས་པ་འདི་ཡིན། ༡༩༧༩ལོར། རྨ་ཆུ་རྫོང་གི་ཟམ་ཆེན་ལེགས་འགྲུབ་དགའ་སྟོན་སྟེང་ཡང་ཨ་མ་སྒྲོལ་མའི་གླུ་ལེན་སྟངས། གླུ་ཚིག འགྱུར་ཁུགས་སོགས་ཀྱི་ངོ་བོ་མ་འགྱུར་བར་བླངས་ནས་ཉན་མཁན་དང་ལྟ་མཁན་མང་པོས་དགའ་བསུ་དང་གདེངས་འཇོག་ཚད་མཐོ་གནང་། དེ་ནས་བཟུང་ཁྱོ་ཁོའི་གདུ་བྷེའི་སྐད་ངག་ཅེས་མིང་དུ་གྲགས་མགོ་བརྩམས། ༡༩༨༠ལོར། ལྡོང་རིན་པོ་ཆེ༸རྗེ་བཙུན་སྐལ་བཟང་འཕྲིན་ལས་དར་རྒྱས་ཚང་གི་བཀའ་དྲིན་ལ་སྨད་མ་སློབ་ཆུང་དུ་ཞུགས་ནས་མི་ཚེ་མངོན་གྱུར་བྱུང་མགོ་བཟུང་སྟེ་ཡི་གེ་སྦྱོར་ཀློག་དུ་མ་ཟད། མགྲིན་པ་བདེ་མོའི་ལམ་ནས་རྣམ་ཐར་དང་། མགུར་གླུ། འདོགས་ར། གླུ་དང་ལ་གཞས་སོགས་མང་དུ་བླངས་ཏེ་སློབ་གྲྭའི་ར་བ་ཡོངས་ཉིན་མཚན་ཀུན་ཏུ་གདུ་བྷེའི་གླུ་སྐད་ཀྱིས་བཀང་བར། མཚན་འཛིན་སློབ་གཙོ་ལྡོང་ཚང་གིས་ཁོའི་སྐད་ངག་ལ་ཡང་ཡང་བསྔགས་པ་བརྗོད་པ་དེར་ཡོད་ཚང་མས་ཤེས་རྒྱུ་རེད། ༡༩༨༤ལོར། རྫོང་བོད་རིགས་སློབ་འབྲིང་དུ་ཕྱིན་ཅིང་ཟླ་ཁ་ཤས་མཚམས་ནས་སློབ་གྲྭ་ནས་ཕྱིར་འབུད་བཏང་། རྒྱུ་མཚན་ནི་སྐད་ངག་སྙན་མོ་འདི་ཆུད་ཟོས་སུ་གཏོང་བར་དོགས་པ་དང་སྒྲ་རྡུང་གླུ་ལེན་གྱི་དམིགས་ཡུལ་མངོན་འགྱུར་འོང་མི་ཐུབ་པར་བསམ་ནས་སོ། །

དེ་ནས་རྡུང་ལེན་མཁན་པོ་དཔལ་ལྡན་མགོན་པོ་ལགས་དགེ་རྒན་དུ་བསྟེན་ནས་ཟླ་བ་ཁ་ཤས་ཤིག་ལ་སྒྲ་རྡུང་ཚུལ་སྦྱངས། ཨ་ལགས་ལྡོང་ཚང་གིས་ཀྱང་ཐུགས་ཁུར་ཆེ་བཞེས་ངང་རྒྱབ་སྐྱོར་དཔག་མེད་མཛད་ཅེས་འདས་པོ་ཁོས་རྒྱུན་དུ་བཤད་མྱོང་།

༈ བཅར་འདྲི་བྱེད་ས་བཞི་པ། ༢༠༡༩ལོའི་སྤྱི་ཟླ༡ཚེས༥ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་ནས་དྲུག་བར། རྨ་ཆུ་རྫོང་གླུ་གར་ཚོགས་པའི་འཚོགས་གཙོ་ཟུར་བ་བྱམས་པ་དོན་འགྲུབ་ལགས་ལ་གདུ་བྷེའི་མི་ཚེའི་མངོན་འགྱུར་ཕྱོགས་ནས་བཅར་འདྲི་བྱས་པ། ༡༩༧༩ལོའི་རྨ་ཆུའི་ཟམ་སྟོན་སྐབས་གདུ་བྷེའི་སྒྲ་རྡུང་ཕལ་ཆེར་མི་ཤེས་ཚོད་རེད། དེ་དུས་ཧ་ཅང་ལོ་ན་ཆུང་ཆུང་ཡིན་མོད། འདོགས་ར་སོགས་གླུ་ཚིག་མང་པོ་ཞིག་བློར་བཟུང་ཡོད། ཁོ་ནི་ཤེད་ངན་ཞིང་གོན་པའང་ངན་ངོན་ཞིག་གྱོན་པའི་ཞི་ལུ་གཅེས་པ་ཞིག་རེད། གར་སྟེགས་སྟེང་དུ་འོངས་ནས་དམངས་གླུ་ཞིག་བླངས། གླུ་ཚིག་ད་སྐབས་མི་དྲན་གི་རྡ། སྐད་ངག་ཧ་ཅང་གི་སྙན་མོ་ཞིག་ཡོད་པར་མ་ཟད་ལེན་སྟངས་ཀྱང་ཤེས་ནི་ཞིག་རེད་བསམ། ཉན་མཁན་དག་གིས་དགའ་བསུ་ཚད་མེད་བྱས། རྗེས་ནས་རྫོང་གླུ་གར་ཚོགས་པ་ཁྱོ་ཁོ་སྨད་མ་ལ་འཁྲབ་སྟོན་བྱེད་པར་ཕྱིན། སྐབས་དེར་སྨད་མ་སློབ་གྲྭའི་རྣམ་ཐར་ཚོགས་པས་འཁྲབ་སྟོན་བྱས། དེ་དུས་གདུ་བྷེ་རྒྱལ་བུ་དྲི་མེད་ཀུན་ལྡན་ཡིན། ནམ་ཡང་བརྗེད་མི་ཐུབ་པ་ཞིག་ནི་དེ་དུས་ཀྱི་སྐད་ངག་གི་འགྱུར་ཁུགས་དྭངས་མོ་དེ་ཡིན་ལ། ཉན་མཁན་དང་ལྟ་མཁན་དག་གིས་ཀྱང་ཡུན་རིང་གི་དགའ་བསུ་དང་ཐལ་མོ་རྡེབ་སྒྲས་རྣ་བར་བཀང་། ༡༩༨༥རྫོང་གླུ་གར་ཚོགས་པར་ཞུགས། དེ་ནས་སྣང་རའི་སངས་རྒྱས་དང་། མཐའ་མཚམས་དཔའ་བོ་དྲན་པའི་མགུར་སོགས་བླངས།  དཔལ་མགོན་གྱིས་སྒྲ་རྡུང་སྟེང་གཅིག་བཤད་ན་ཁོས་རྡུང་ཤེས་པ་མ་ཟད་ལེན་ཀྱང་ཐུབ་པའི་རྣམ་དཔྱོད་ལྡན། ༡༩༨༦་ལོ་ནས༡༩༨༧ལོའི་བར་རྨ་ཆུ་ཁོང་གི་ཡུལ་ཚོ་ཚང་མར་འཁྲབ་སྟོན་བྱེད་དུ་སོང་དུས་ལྟ་ཉན་བྱེད་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། གོ་གཅིག་ལོར་མཛོད་དགེ་རྫོང་དང་རྔ་བ་རྫོང་། ཁྱུང་མཆུ་རྫོང་ཁོང་གི་རྨེ་བ་སོགས་ལ་འཁྲབ་སྟོན་དུ་སོང་བར་ཡང་དགའ་བསུ་ཆེན་པོ་ཐོབ། མགོ་འཛིན་བྱས་ན་སྨྲ་ལྕེ་དག་ལ་སྐད་གདངས་ཡག་པ་འདང་རྒྱག་མི་དགོས་པར་བརྗོད་སྙིང་གི་གནད་བཤད་ཐུབ་པ་སོགས་ནི་ཁོའི་ཁྱད་ཆོས་གཙོ་བོ་ཡིན། གོ་བཞི་ལོར་རྔ་བའི་སྒོ་མང་སྒར་གྱི་འདུ་ཁང་འགྲུབ་སྟོན་ལ་གདན་དྲངས་པ་ལྟར་ང་ཚོ་ཕྱིན་སྐབས་ཁོས་མགོ་འཛིན་བྱས་ཏེ་མི་ཚོགས་ཀྱི་ཐལ་སྒྲ་དང་དགའ་བསུ་ཆེན་པོ་ཐོབ། འཇམ་དབྱངས་བླ་མ་ཁྲི་ཆེན་གུང་ཐང་དྲུག་པ་ཆེན་པོ༸རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་ཀྱང་ཐུགས་ཤིན་ཏུ་དགྱེས་ཡོད། ཁོའི་སྙན་གྲགས་ཀྱང་ཇེ་རྒྱས་སུ་གྱུར། དེ་ནས་པད་མ་རྫོང་དང་གཅིག་སྒྲིལ་རྫོང་སོགས་ཞིང་ཆེན་གཞན་པའི་རྫོང་ཁག་མང་པོར་ཕྱིན་ཏེ་དགའ་བསུ་གྱ་ནོམ་པ་དང་གདེངས་འཇོག་ཚད་མཐོ་གནང་། གོ་ལྔ་ལོར་རྨ་ཆུའི་རླབས་སྒྲའམ་གངས་ཕྲུག་གི་སེམས་པ་ཞེས་པའི་སྒྲ་ཐག་ཕུད་པ་ནས་བཟུང་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། གོ་དྲུག་ལོར་ཁེར་རྐྱང་གི་སེམས་པ་ཞེས་པའི་སྒྲ་ཐག་ཕུད་དེ་བོད་ཕྱི་ནང་ཡོངས་ལ་མཚན་སྙན་རྒྱས། ཁོས་ཁྱད་ཆོས་གཙོ་བོ་ནི། མགོ་ཁྲིད་ཀྱི་ཁ་ལེན་ཚིག་བརྩི། ལས་གྲོགས་ཚང་མར་འགྲོགས་འདྲིས་ཟབ་ཅིང་བརྩེ་བ་ཡོད་པ་བཅས་སོ། །རྗེས་ནས་རྒྱ་འཇམ་གྱི་གླུ་དང་། སྣང་རའི་སངས་རྒྱས། བུ་ཆུང་ས་མཐའ། ཡ་རུའི་ཨ་བསོད་སོགས་ཀྱི་སྒྲ་ཚང་མ་དབྱངས་ཡིག་ཏུ་ཕབ། དེ་ནས་བཟུང་ཁོའི་སྐད་ངག་གངས་རིའི་ཕྱི་ནང་ཡོངས་ལ་ཁྱབ་པོ། །

༈ བཅར་འདྲི་བྱེད་ཡུལ་ལྔ་བ་ནི། སློབ་ཆུང་དགེ་རྒན་སྙན་གྲགས། ༈ བཅར་འདྲི་བྱེད་ཡུལ་དྲུག་པ་ནི། སློབ་གྲོགས་ཚོ། ༈ བཅར་འདྲི་བྱེད་ཡུལ་བདུན་པ། གཉེན་ཉེ་འགའ། ཁོང་ཚོས་བཤད་པ་ཐམས་ཅད་གོང་དང་མཚུངས་པས་འདིར་བསྐྱར་བཟློས་མ་བྱས་སོ། །)

གཙང་རྡོའི་འཕྲིན་སྟེགས།
འཕྲིན་སྟེགས་དོ་དམ་པ།| གཙང་རྡོ།
སྐད་འཕྲིན།| 2805501977


གཤམ་གྱི་“རྒྱ་ཡིག་སྔོན་པོ་”མནན་ན་ནང་དོན་མང་བོར་གསན་གཟིགས་གནང་ཐུབ།

藏多
༈གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་ཀྱི་གཞས་བརྙན་པར་གསུམ་རྐྱང་རྐྱང་སྤེལ་སའི་འཕྲིན་སྟེགས་ཤིག་ཡིན།
 最新文章