ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་སྤྱི་ལོ་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་ལྔ་ལོའི་ལོ་གསར་གྱི་ཤིས་ཚིག་བསྒྲོན་གནང་ཡོད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
ལྷན་རྒྱས་སྐུ་ཁམས་བཟང་། དུས་ཚོད་ནི་ཇི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་། ལོ་གསར་པ་འཆར་ལ་ཉེ་བའི་སྐབས་འདིར། ངས་པེ་ཅིང་ནས་ལྷན་རྒྱས་ལ་བཀྲ་ཤིས་པའི་སྨོན་འདུན་ཞུ་རྒྱུ་ཡིན།
2024ལོར་ང་ཚོས་མཉམ་དུ་དུས་བཞིའི་ཟོ་ཆུན་དང་འགྲོགས་ནས་ཆར་རླུང་དང་འཇའ་ཚོན་གྱི་ལམ་བུ་བརྒྱུད་ཡོད་ཅིང་། སྐད་ཅིག་མ་རེ་རེའི་རྗེས་ཤུལ་སྤྱིར་བཏང་མ་ཡིན་པའི་ལོ་འདིར་བཞག་ཡོད། དེ་ནི་མི་སེམས་འགུལ་བ་དང་བརྗེད་པར་དཀའ་བ་ཞིག་རེད།
ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ཡོད་པ་དང་། སྲིད་ཇུས་ཀྱི“མཉམ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ཏེ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་ནས་ལེགས་པར་ཕྱོགས་ཤིང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་130ལས་བརྒལ་རྒྱུ་རེད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.4ལས་བརྒལ་བ་དང་། ཀྲུང་གོའི་ལྟོ་ཕོར་ནང་ཀྲུང་གོའི་འབྲུ་རིགས་དེ་བས་མང་བ་འགེང་ཐུབ་ཡོད། ས་ཁོངས་གོང་འཕེལ་ཐད་མཐུན་སྦྱོར་མཉམ་འགུལ་དང་སྟོབས་ཤུགས་གསོག་འཇོག་ཡག་པོ་ཐུབ་པ་དང་། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་དར་རྒྱས་ཕན་ཚུན་མཉམ་འདྲེས་དང་འགྲོས་མཚུངས་མཉམ་འགུལ་ཐུབ་ཡོད། སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་བཏང་བས་མཛེས་ལྡན་ཀྲུང་གོའི་མཛེས་རིས་གཅལ་དུ་འགྲེམ་ཐུབ་ཡོད།
ང་ཚོས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་བྱས་པས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ཐོན་ཞིང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལོའི་ཐོན་འབོར་ཐེངས་དང་པོར་ཁྲི་1000ལས་བརྒལ་ཡོད་པ་དང་། འདུས་གྲུབ་གློག་ལམ་དང་མི་ཐབས་རིག་ནུས། ཚད་རྡུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་ནང་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་པ་དང་། ཕུགས་འདུན་རྟགས་ཅན་གྱིས་མཐའ་ཡས་རྒྱ་མཚོར་མྱུལ་དཔྱད་བྱས་པ། ཧྲེན་ཀྲུང་ལམ་ཆེན་གྱིས་རྒྱ་མཚོའི་རླབས་ཆེན་གཤགས་པ། ལྷོ་སྣེའི་ཆིན་ལིན་ས་ཚིགས་དེ་འཁྱགས་རོམ་གྱི་ཞིང་ཁམས་སུ་འགྱིང་ངེར་བཞེངས་པ་བཅས་ལས་ཀྲུང་གོ་བས་རྒྱུ་སྐར་ལམ་དང་ཆུ་གཏེར་ཆེན་མོའི་གཏིང་མཐའ་དཔོག་པར་བྱེད་པའི་བློ་སྤོབས་དང་འདུན་པ་མངོན་པར་བྱས་ཡོད།
ད་ལོ་ང་རང་ས་གནས་སུ་རྟོག་ཞིབ་ལ་བསྐྱོད་སྐབས་ཚང་མའི་འཚོ་བ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་བྱུང་། ཐན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར་བ་དང་། ཏུང་ཧྲན་ཨའོ་ཅའོ་གྲོང་ཚོའི་ཉ་ལས་འཕེལ་ཁ་དར་བ། རི་བོ་མའེ་ཅི་ཧྲན་ བྲག་ཕུག་གི“ཤར་ཕྱོགས་ཀྱི་འཛུམ་མདངས”ལོ་ངོ་སྟོང་གི་ཡུལ་དུས་ལས་བརྒལ་བ། ལིའུ་ཁྲེ་སྲང་ལམ་གྱི་ཡ་རབས་གུས་ལུགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ། ཐེན་ཅིན་གྱི་གནའ་བོའི་རིག་གནས་ཁྲོམ་ལམ་དུ་འདུ་འཛིས་ཁེངས་པ། དབྱིན་ཁྲོན་གྱི་མི་རིགས་མང་པོའི་སྡེ་ཁུལ་གྱི་གྲོང་མི་རྣམས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་སོགས་མཐོང་བྱུང་། ཚང་མས་དོ་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་། “རྒན་བྱིས་གཉིས་ཀྱི་དོན་དག” སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་ནི་ང་རང་ནས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱ་ཡུལ་ཡིན། ལོ་གཅིག་ནང་། རྨང་གཞིའི་རྒན་གསོའི་དངུལ་མཐོ་རུ་ཕྱིན་པ་དང་། སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་ཕྱིན་པ། ཐད་ཀར་མཇུག་རྩིས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་བ་དེས་ས་ཆ་གཞན་དུ་སྨན་བཅོས་བྱ་རྒྱུ་སྟབས་བདེ་རུ་ཕྱིན་པ། འཛད་སྤྱོད་དངོས་པོ་རྙིང་ཚབ་གསར་བརྗེ་ཡིས་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་སོགས་ཚང་མའི་ཐོབ་ཚོར་སླར་ཡང་ཇེ་ཆེར་ཕྱིན་ཡོད།
ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག་རང་རྒྱལ་གྱི་ལུས་རྩལ་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་པས། ཕྱི་ཁོངས་སུ་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་དེ་ཐོབ་པ་དང་། དེའི་ཐོག་ནས་གཞོན་ནུའི་མི་རབས་རྣམས་ཀྱི་ཞུམ་མེད་ཡར་ཐོན་དང་བློ་སྤོབས་ཆེ་བའི་ཉམས་བཟང་ལེགས་པར་མངོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ་ངོ་75ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཤིང་། མི་དམངས་བུ་ཕྲུག་དམག་གི་ཉམས་སྣང་གསར་པ་མངོན་པར་བྱས་ཡོད། ཆུ་ལོག་དང་རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེའི་མདུན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོངས་བྱས་པ་དང་། ཚང་མས་ཀུན་སེམས་གཅིག་སྒྲིལ་དང་སོ་སྲུང་རོགས་རེས་བྱས་ཡོད། ངལ་རྩོལ་པ་དང་འཛུགས་སྐྲུན་པ། ལས་གཏོད་པ་སོགས་གྲངས་ལས་འདས་པས་ཕུགས་འདུན་ཆེད་འབད་འཐབ་བྱེད་བཞིན་ཡོད། ངས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲད་པ་ཡིན། གཟི་བརྗིད་དེ་ནི་ཁོང་ཚོར་དབང་བ་ཞིག་ཡིན་ལ། འགན་འཁྲི་ཕྲག་ཏུ་འཁུར་བའི་འབད་འཐབ་པ་ཚང་མར་དབང་བ་ཞིག་ཀྱང་ཡིན།
དེང་གི་འཛམ་གླིང་ཐོག་འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་སུ་གནས་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འགྱུར་ལྡོག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་ཡོད། ང་ཚོས་སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་པ་དང་དངོས་སྒྲུབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལེགས་པར་གཉེར་བ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་འབོ་གསེར་རྒྱལ་ཁབ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་གཉིས་དང་ཕྱོགས་མང་གི་འདུ་རའི་ཐོག་ཀྲུང་གོའི་འདོད་ཚུལ་གསལ་པོར་བཏོན་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་ཆེད་དྲང་ནུས་དེ་བས་མང་བ་བསྣན་ཡོད།
ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། བརྩེ་བ་ཟབ་མོའི་སྒོ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་འགྱུར་ཆེན་མོར་ཕྱིར་དྲན་བྱས་ཡོད། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་གྱི་ལམ་བུའི་ཐོག“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་ལི་ཆས་“ཧོ་ཙུན”གྱི་མཐིལ་ཏུ་བརྐོས་ཡོད་ལ། དེ་བས་ཀྱང་ཧྭ་ཞ་ཡི་བུ་རྒྱུད་ཚང་མའི་སེམས་ནང་བརྐོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་དུང་བརྡ་བསྒྲགས་ཡོད། ང་ཚོ་བསྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་མདུན་དུ་སྐྱོད་བཞིན་ཡོད་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གཏོད་ཐུབ་ངེས་རེད།
2025ལོར། ང་ཚོས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན། དེ་བས་དགེ་ཡོད་ནུས་ལྡན་གྱི་སྲིད་ཇུས་ལག་བསྟར་བྱས་ཐོག སེམས་ནུས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་དམ་འཛིན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་རེད། མིག་སྔར་དཔལ་འབྱོར་འཁོར་སྐྱོད་ལ་གནས་ཚུལ་གསར་པ་འགའ་ཤས་འཕྲད་ཡོད། དེའི་ནང་ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་གྱི་འགྲན་རྩོད་ཡོད་ལ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གནོན་ཤུགས་ཀྱང་ཡོད། ཡིན་ན་ཡང་དེ་དག་ནི་འབད་བརྩོན་བྱས་ན་ཁྱད་བསད་བྱེད་ཐུབ་པ་ཞིག་ཡིན། ང་ཚོ་ནི་སྔར་ནས་ཆར་རླུང་ཁྲོད་འཚར་ལོངས་བྱུང་བ་དང་ཚོད་བགམ་མང་པོའི་ཁྲོད་སྟོབས་ཆེར་གྱུར་བ་ཞིག་ཡིན་པས། ཚང་མར་སེམས་ཤུགས་ཆེན་པོ་ཡོད་དགོས།
ཁྱིམ་དོན་རྒྱལ་དོན་གནམ་འོག་དོན་མཐའ་དག་གི་ཁྲོད་ནས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་དེ་རེད། ཁྱིམ་ཚང་ཚང་མས་ཕྲུ་གུར་སློབ་གསོ་ཡག་པོ་ཐོབ་པ་དང་། རྒན་རྒོན་ལ་རྒན་གསོའི་ཞབས་ཞུ་ཡག་པོ་ཐོབ་པ། ན་གཞོན་རྣམས་ལ་གོང་འཕེལ་གྱི་གོ་སྐབས་དེ་བས་ཡག་པ་ཐོབ་པ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། བབ་ཆགས་པའི་བསམ་འདུན་འདི་དག་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་སྤྱི་ཚོགས་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འཆམ་མཐུན་ཁོང་ཡངས་ཀྱི་རྣམ་པ་རྒྱུན་མཐུད་ངང་གཏོད་པ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཁག་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ། ཚང་མའི་བཞིན་ལ་འཛུམ་གྱིས་ཁེངས་ཤིང་། སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་པར་བྱ་དགོས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25འཁོར་བའི་སྐབས་སུ། ང་རང་སླར་ཡང་ཧའོ་ཅང་གཙང་པོའི་འགྲམ་དུ་སླེབས་བྱུང་ལ། གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པ་དེ་དག་ནི་མི་རྣམས་དགའ་འོས་པ་ཞིག་འདུག ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ནས། ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་རེད། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་གི་གཉེན་ཉེ་ཡིན་པས། ང་ཚོའི་ཁྲག་རྒྱུད་ནང་གི་སྤུན་ཉེའི་བརྩེ་བ་དེ་སུས་ཀྱང་གཅོད་ཐབས་མེད་ལ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་སུས་ཀྱང་འགོག་ཐབས་མེད།
འཛམ་གླིང་གི་ལོ་བརྒྱའི་འཕེལ་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། བློ་རྒྱ་ཆེན་པོའི་ཐོག་ནས་འགལ་བ་དང་གདོང་ཐུག་སེལ་བ་དང་། བརྩེ་བ་ཆེན་པོའི་ཐོག་ནས་མིའི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ལག་བསྟར་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་འཛིན་གྱི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐེ་ཞུགས་པ་བཅས་བྱས་ནས། འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད།
ཕུགས་འདུན་ནི་རྒྱང་ཐག་རིང་ཡང་། དེ་དོན་དུ་གཉེར་ན་འགྲུབ་པར་ངེས། འདུན་པ་ནི་འགྲུབ་པར་དཀའ་ཡང་། དེ་རྒྱུན་འཁྱོངས་བྱས་ན་མངོན་འགྱུར་ཐུབ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག མི་མི་རེ་ངོ་རེ་ནི་མི་སྣ་གཙོ་བོ་ཤ་སྟག་ཡིན་པ་དང་། ཁོང་ཚོས་ཕུལ་བའི་ལེགས་སྐྱེས་རེ་རེ་ཡང་རྩ་ཆེན་པོ་ཤ་སྟག་ཡིན་ཞིང་། འོད་ཉག་མ་རེ་རེ་འདུས་པ་ལས་འོད་སྟོང་འཚེར་བར་འགྱུར།
རི་ཀླུང་མཛེས་སྡུག་ལྡན། གློག་འོད་རྣམ་པར་བཀྲ། ང་ཚོས་རེ་འདུན་སེམས་ལ་བཅངས་ནས་ལོ་གསར་པར་བསུ་བ་ཞུ། མེས་རྒྱལ་དུས་བདེ་དགེ་ལེགས་ཡོང་བ་དང་དར་རྒྱས་འབྱོར་ཕྱུག་ལྡན་པར་འགྱུར་བའི་སྨོན་འདུན་ཞུ། ཚང་མའི་བསམ་འདུན་ལྷུན་གྱིས་འགྲུབ་པ་དང་། དགའ་དགའ་སྤྲོ་སྤྲོ་དང་བདེ་བདེ་ལྷོད་ལྷོད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །
终 审:雷广军
复 审:池邦余
初 审:崔同东
编 辑:陈星
来 源:中央广播电视总台藏语广播
投稿邮箱:zgdjxwxcb@126.com