འབྲེལ་ཡོད་སྨྱན་སྦྱོར་ཚན་པ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ནུ་རྨེན་འབྲས་སྐྲན་ནི་རྒྱ་ཆེའི་བུད་མེད་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བའི་ནད་རིགས་ཤིག་ཡིན། ཉེ་བའི་ལོ་ཉི་ཤུ་ཙམ་གྱི་རིང་ལ། ནུ་རྨེན་འབྲས་སྐྲན་འབྱུང་ཚད་ལོ་རེར་ཇེ་མང་དུ་འགྱུར་བཞིན་ཡོད་པ་དང་། རང་རྒྱལ་གྱི་ནུ་རྨེན་འབྲས་སྐྲན་གྱི་འབྱུང་ཚད་མང་བའི་ལོ་ཚོད་ནི་ལོ་བཞི་བཅུ་ནས་ལོ་དྲུག་ཅུའི་བར་ཡིན།
དེ་བས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ལུས་ཕུང་བརྟག་དཔྱད་སོགས་བྱེད་ཐབས་བརྒྱུད་དེ་ནུ་རྨེན་འབྲས་སྐྲན་འབྱུང་བ་སྔོན་འགོག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་རེད།
ནུ་རྨེན་འབྲས་སྐྲན་གྱི་འབྱུང་རྐྱེན།
ཟླ་མཚན་མ་སྐམ་སྔོན་དང་སྐམ་རྗེས་ཀྱི་མོ་གཤིས་སྐུལ་རྒྱུ་ནི་ནུ་རྨེན་གྱི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དེ་མིན། ཆང་འཐུང་བ་དང་དུ་བ་འཐེན་པ། གནོན་ཤུགས་ཆེ་བ། ནུ་མའི་ནད་རིགས་གཞན་པ་སོགས་ཀྱང་ནུ་རྨེན་འབྲས་སྐྲན་འབྱུང་བར་འབྲེལ་བ་དམ་པོ་ཡོད་པ་རེད།
ནུ་རྨེན་འབྲས་སྐྲན་ལ་ནད་རྟགས་གང་དག་ཡོད་ཟེར་ན།
ནུ་མར་སྐྲང་འབུར་ཡོད་པ་དང་སྲ་མོ་ཡིན་པ། ནུ་མགོ་ན་ཁྲག་འདྲེས་པའི་གཤེར་ཁུ་ཡོད་པ། ནུ་མ་གཉིས་ལ་ཆེ་ཆུང་ཡོད་པ། ནུ་མགོ་བཀུམ་ཞིང་ནུ་ཤ་ངང་སེར་དུ་འགྱུར་བ། མཆན་ཁུང་གི་གཤེར་རྨེན་སྐྲངས་པ། སྒྲོག་རུས་སྟེང་གི་གཤེར་རྨེན་ཇེ་ཆེར་སོང་ནས། རུས་པ་དང་སྒལ་བ། ཁོག་པ་ན་བ་དང་། བྲག་ཁོག་ན་བ། ལུས་པོ་སྐམ་རིད་དུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་ངེས།
ནུ་རྨེན་འབྲས་སྐྲན་ཇི་ལྟར་སྔོན་འགོག་བྱེད་དགོས།
སྔོ་ཚོད་དང་སྲན་མའི་རིགས། སིལ་ཏོག་མང་དུ་ཟ་བ། མངར་ཁ་ཆུང་བའི་ཟས་རིགས་བསྟེན་པ། འོས་འཚམ་སྒོས་ལུས་སྦྱོང་བྱེད་པ་སོགས་དུས་རྒྱུན་གྱི་ཟས་སྤྱོད་ལ་དོ་སྣང་བྱེད་དགོས་ཤིང་། དེ་མིན་ད་རུང་བུད་མེད་རྣམས་ཀྱིས་ནུ་མར་རང་བཤེར་དང་སྨན་པར་སྟོན་པ་ཟུང་འབྲེལ་གྱི་སྔོན་འགོག་བྱེད་ཐབས་སྤྱད་ཆོག
ནུ་མར་རང་བཤེར་བྱེད་ཐབས།
ལྟ་བཤེར་བྱེད་པ། ངོ་བལྟའི་མདུན་དུ་དྲངས་མོར་ལངས་ནས་ནུ་མ་གཉིས་ལ་ཆེ་ཆུང་ཡོད་མེད་དང་ནུ་མགོར་བཤེར་ཁུ་ཡོད་མེད། ནུ་མགོ་ནང་དུ་བཀུམ་ཡོད་མེད་སོགས་ལ་ལྟ་དགོས།
རེག་བཤེར་བྱེད་པ། གོང་མཛུབ་དང་དཀྱིལ་མཛུབ། སྲིན་མཛུབ་གསུམ་མཉམ་དུ་གཤིབ་ནས་ནུ་མགོ་ལྟེ་བ་བྱས་ཏེ་ནུ་མར་རེག་ནས་སྐྲངས་འབུར་ཡོད་མེད་དང་སྲ་མོ་ཡིན་མིན་སོགས་ལ་ཞིབ་བཤེར་བྱེད་དགོས།
དྲང་མོར་ཉལ་ནས་ཞིབ་བཤེར་བྱེད་པ། དྲང་མོར་ཉལ་ནས་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་བྱེད་སའི་ལག་པ་ཡར་བཀྱག་ནས་སྔས་འགོའི་སྟེང་བཞག་ནས་མཆན་འོག་གི་གཤེར་རྨེན་ཇེ་ཆེར་སོང་ཡོད་མེད་སོགས་ལ་ཞིབ་བཤེར་བྱེད་དགོས།
དེ་མིན། ནུ་རྨེན་འབྲས་སྐྲན་སྔ་མོ་ནས་ཤེས་ཤིང་སྔ་མོ་ནས་སྨན་བཅོས་བྱས་ན་དྲག་སྐྱེད་འབྱུང་བར་རེ་བ་ཡོད་པས། ཟླ་བ་རེ་རེར་ནུ་མར་རང་བཤེར་ཐེངས་རེ་བྱེད་པ་དང་མ་མཐར་ཡང་ལོ་གཅིག་གི་ནང་དུ་ལུས་ཕུང་ལ་བརྟག་དཔྱད་ཐེངས་གཅིག་བྱས་ན་བཟང་། གལ་ཏེ་ནུ་མར་སྐྲངས་འབུར་ཡོད་པ་དང་སྲ་མོ་ཡིན་པ། ནུ་མགོ་ན་ཁྲག་འདྲེས་པའི་གཤེར་ཁུ་ཡོད་པ། ནུ་མ་གཉིས་ལ་ཆེ་ཆུང་ཡོད་པ།
ནུ་མགོ་བཀུམ་ཞིང་ནུ་ཤ་ངང་སེར་དུ་འགྱུར་བ། མཆན་ཁུང་གི་གཤེར་རྨེན་སྐྲངས་པ་ལ་སོགས་པའི་ནད་རྟགས་ཡོད་ཚེ། དུས་ལྟར་སྨན་ཁང་དུ་སོང་ནས་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱེད་དགོས།
记 者:拉巴索朗
编 辑(一审):德庆拉泽
责 编(二审):秦 瑶
审 核(三审):戴 青 霞