གཙང་པ་ནོར་བུའི་སེམས་ཀྱི་སྐད་ཆ།【མ་བུ་བྲལ་རྗེས་ཀྱི་ལོ་གསར་】

民生   2024-03-03 12:12   西藏  

  



                                མ་བུ་བྲལ་རྗེས་ཀྱི་ལོ་གསར་


        ས་གཞི་ཁ་བས་གཏུམ་ཏེ་འཁྱགས་པས་བསྡམས་ཟིན་པའི་ད་ལོའི་སོ་ནམ་ལོ་གསར་དེ་ནི་།   ང་མི་ཡུལ་འདིར་སླེབས་པ་ནས་ཆེས་གྲང་ཟུག་ཆེ་ལ་ཁ་ཁུ་འཇམ་པ་།  སྐྱོ་སྣང་ཆེས་ཆེ་ཤོས་ཀྱི་ལོ་གསར་ཞིག་ཏུ་སྣང། 

འདས་ཟིན་པའི་བགྲང་ཆ་མང་པོའི་ནང་དུ་ལོ་ལྟར་ལོ་གསར་ཤར་རིམ་བཞིན་སེམས་ནང་དུ་སྤྲོ་སྣང་ཆེ་ལ་རང་ཁྱིམ་དུ་ལོག་འདོད་ཀྱི་བློ་ཁ་དེ་ནི་སུས་ཀྱང་འགོག་མེད་ཞིག་ཏུ་གྱུར་།དེ་ཡང་མ་རྒད་མོས་རང་ཁྱིམ་དུ་དྲོ་སོབ་སོབ་གྱི་མེ་ཐབ་དེས་ངའི་དགུན་གྱི་གྲང་ངར་ཡང་སྣང་མེད་ཞིག་དུ་གྱུར་བ་ཁོ་ནའོ་། ད་ལོའི་ལོ་གསར་དེ་ནི་ནམ་མཁའ་དྲང་ཞིང་ཐོག་རྩེགས་ཁང་པའི་ནང་དུ་གྲང་རླུང་དེ་བས་ལྡང་ལ་ལུས་པོ་འཁྱག་ཅིང་རང་སེམས་ཡང་ལྷན་ཅིག་འཁྱག་ཤུར་གྱིས་འདར་སིག་སིག་དུ་གྱུར་།

ཨེ་མ་  ད་ནི་གཞི་ནས་མ་རྒད་མོ་ཁྱེད་མེད་པའི་འཚོར་སྣང་དེ་གང་དྲག་  བསམ་ཞིང་བསམ་ན་ངའི་མི་ལོ་བཞི་བཅུ་ཙམ་དེ་མ་རྒན་ཁྱེད་ཀྱི་དྲོ་སྐྱིད་ཁོ་ནའི་འོག་ཏུ་འདས་པ་གཞི་ནས་འཚོར་བྱུང།  ངའིདྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ཡང་ཁྱེད་བཞུག་རིང་དུ་ཐབ་ལ་དྲོད་ཤུག་ལྡན་པས་དགུན་གྱི་གྲང་ཟུག་ཚོར་སྣང་ཉིན་གཅིག་བསྟེར་མ་མྱོང་ལ་དེ་བས་མེ་རྡུལ་ཚུབ་ཚུབ་གྱི་ཐུག་པ་དེ་ཡང་བྲོ་བ་ཆེ་ལ་ག་ཚད་བཟས་ནའང་རྒྱགས་རྒྱུ་མེད་པའི་སྣང་ཚུལ་ཡང་བྱུང་མྱོང།

ཨ་མ་  ད་ནི་ཚང་མ་ཚར་སོང་  ཁྱེད་སྐུ་ཚེས་མ་ཟིན་པའི་ཉིན་ཞག་ཞི་དགུ་ནས་བཟུང་།  ང་ཚོའི་ཁྱིམ་ཚང་གི་ཐབ་ལ་དྲོད་མིན་འདུག་ལ་མི་དགོས་པའི་གོ་ཐལ་མང་མང་བ་ཞིག་།  མེ་ཐབ་སྟེང་གི་ཐུག་པ་དེ་ནི་སྐབས་རེ་འདར་འདུར་དང་ཡང་ན་དངས་སིང་བེར་བའི་བེལ་ཐུག་ལྟ་བུ་ལས་སྔོན་གྱི་བྲོ་བའི་ཟུར་ཡང་མིན་འདུག་  ཚ་དྲོད་ཤོར་བའི་ཐབ་ཟུར་དུ་ང་ཚོ་ནང་ཚང་བུ་ཕྲུག་ཚང་མ་འཛོམས་ཡང་སྔར་གྱི་དགོད་སྒྲ་དེ་མིན་འདུག་ལ་དེ་བས་ཐབ་ཚང་ནས་ཐལ་བའི་མདོག་ཞིག་སྣང་མེད་དུ་འཆར་།

མདོར་ན་ མ་ཁྱེད་ཚེ་ལས་འདས་པ་ནས་བཟུང་མི་རབས་དུ་མ་ནས་དུ་མ་རྒྱུད་ཟིན་པའི་ངེད་ཁྱིམ་གཞིས་དེ་ཡང་ཧ་ལམ་སྐྱོང་མཁན་མེད་པའི་མི་ཚང་ཐབ་གསར་ཞིག་ཏུ་སྣང།

ད་ལོའི་ལོ་གསར་  གོ་ཐོས་དུ་ཕ་ཡུལ་གཅིག་པའི་སྐྱེས་ཕོ་མོ་མང་པོ་ངེད་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་སྐད་  ཁོ་ཚོ་ནི་ཕ་མ་བུ་ཕྲུག་མཉམ་འཛོམས་ཐོག་ལོ་གསར་གྱི་སྤྲོ་སྣང་དང་སྦྲགས་  དགོད་སྒྲ་ གླུ་ལེན་བྲོ་གར་སོགས་ཀྱི་ངང་ནས་གནམ་ལོ་གསར་པའི་ཚེས་གཅིག་དེ་ཕར་སྐྱེལ་བའི་སྣང་ཚུལ་མང་པོ་དྲྭ་ལམ་ནས་རེག་དུས་ང་ནི་གཤོག་རྩལ་གྱིས་བླུས་པའི་བྱ་བྱིའུ་ཞིག་དང་འདྲ་བར་ཧ་ལམ་ཁེར་རྐྱང་ངངགཞན་ཡུལ་དུ་ལུས་།

མ་ཁྱེད་ཚེ་ཡིས་བཞག་པས་མ་གཅིང་གོང་གི་མི་ལོ་བཞི་བཅུའི་དུས་ཟླ་དེ་ང་གང་འདྲ་བྱས་ཏེ་ཡོང་མིན་མ་ཚོར་ལ་  དེ་བས་དྲན་པ་གཅིག་པོ་ནི་ལོ་གསར་སྐབས་ཁྱེད་ཀྱི་སྐུ་ལུས་ལོ་རེ་ནས་ལོ་རེ་མ་འདས་པར་གུག་ཞིང་ཕྱག་ཟུང་ནག་ལ་གཉེར་མས་གཏུམ་པ་དེས་ཐབ་ལས་ཀྱི་སྣང་ཚུལ་དང་དེ་བས་ཁྱེད་ནས་བསྐོལ་བའི་མཐོ་རེང་གི་ཆང་སྐོལ་ཞིམ་པོ་དེ་ཁོ་ནའོ་།

དྲན་བྱུང་  དུས་དེ་རིང་  ངོ་མ་དྲན་བྱུང་  ང་རང་མི་ལོ་བཞི་བཅུའི་རིང་དུ་ཁྱེད་ནས་གནང་བའི་དྲོ་སྐྱིད་ཀྱི་བྱམས་སྐྱོང་དང་མཛའ་བརྩེའི་བཀའ་སློབ་ཁག་གཞི་ནས་དྲན་བྱུང།

གལ་སྲིད་ངས་ཚེ་འདིར་གསག་པའི་ཚོགས་དང་བསོད་ནམ་དང་སྔོ་སྨོན་སོགས་ཀྱིས་སྒྲུབ་པའི་ལམ་བཟང་སྟེ་ང་གཉིས་ལ་ད་དུང་ལས་དང་སྐལ་བ་བཟང་པོ་ཞིག་ཡོད་སྲིད་ན་  སྐྱེ་བ་ཕྱི་མར་ང་ཡང་སྐྱར་ཁྱེད་ཀྱི་བུ་ཕྲུག་ཞིག་ཤིན་ཏུ་ནས་བྱེད་འདོད་ལ་མ་ཟད་ཚི་འདིར་ངས་ཁྱེད་ལ་ཆད་པའི་དྲིན་ལན་རྣམས་འཇལ་བའི་སྐལ་བ་ཞིག་ཀྱང་ཤིན་ཏུ་ནས་སྐྲུན་འདོད་།

ཨ་མ་ལགས་  ད་ལོའི་ལོ་གསར་དེས་ང་ལ་སྤྲོ་སྣང་ཏིལ་འབྲུ་ཙམ་མ་སྦྱིན་པར་དེ་བས་ང་ལ་བརྗོད་མི་ཤེས་པའི་རྒས་ཉམས་ཞིག་ལྷང་དུ་སྤྲད་བྱུང་  དེ་ནི་ཁྱེད་ཉིད་སྐུ་ཚེས་མ་ཟིན་པའི་རྗེས་ཀྱི་ཉིན་ཞག་བཞི་དགུའི་དུས་དེར་གཞི་ནས་ང་ནི་ཕོ་ལོ་བཞི་ཅུར་གསོན་པའི་དར་མ་ཞིག་ཆག་ཡོད་པ་ཧ་ཉིད་གོ་པ་དང་ཚོར་སྣང་བྱུང་བ་དེས་ཡིན་།།།

                                                          གཙང་པ་ནོར་བུ་ནས་

                           2019ལོའི་གཙང་གི་སོ་ནམ་ལོ་གསར་ཚེས་གཅིག་ཉིན།།།

藏巴罗布音乐平台
传统文艺挖掘及文艺创造,音像制品,民族手工业,旅游纪念品【不含刀具】,办公用品的批发及零售,
 最新文章