གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་རྣམ་པ་དང་བློ་མཐུན་རྒན་གྲས་རྣམ་པ།
གནམ་ལོ་གསར་དུ་བཞད། དཔལ་ཡོན་རབ་ཏུ་ཕྱུག གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ལ་ཉེ་བའི་སྐབས་འདིར། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་རྣམ་པ་དང་། བློ་མཐུན་རྒན་གྲས་རྣམ་པ། དེ་བཞིན་ཁྱེད་རྣམ་པའི་ནང་མི་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་མ་ཟད་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
༢༠༢༤ལོ་ནི། ཆེས་སྤྱིར་བཏང་མིན་པའི་དམིགས་བསལ་གྱི་ལོ་ཞིག་ཡིན། ལོ་འདིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་འཁྲུངས་སྐར་ལ་བསུ་བ་ཞུ་བ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་གནང་ཡོད། ལོ་གཅིག་རིང་། གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་མཐར་ཕྱིན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས།“དོན་ཆེན་བཞིར་”དམིགས་པ་དང་། “འཛུགས་གཏོད་བཞིར་”ནུས་ཤུགས་གཅིག་སྒྲིལ། གཞུང་འཁྱོངས་གསར་འབྱེད། དམ་པ་དོན་གཉེར་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེའི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་དང་ཚད་བརྒལ་གསར་པ་བྱུང་བ་མ་ཟད། སྔོན་དཔག་ལྟར་ན། དཔལ་འབྱོར་གྱི་གཙོ་གནད་དམིགས་ཚད་མང་དག་ཅིག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་བཟང་པོ་གཏོད་ཡོད།
གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་འདོམས་མཛུབ་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་ཟབ་བཞེས་གནང་བའི་འབྲས་བུ་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དེར་ལས་བྱེད་པ་རྒན་གྲས་རྣམ་པ་དང་བློ་མཐུན་རྒན་གྲས་རྣམ་པའི་བློ་གྲོས་དང་སེམས་ནུས་གཅིག་ཏུ་འདུས་ཡོད། མཚམས་འདིར། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་རྒན་གྲས་རྣམ་པ་དང་བློ་མཐུན་རྒན་གྲས་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
རྒྱ་ཆེའི་ལས་བྱེད་པ་རྒན་གྲས་རྣམས་དང་བློ་མཐུན་རྒན་གྲས་རྣམས་ནི། ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག བོད་ཀྱི་གསར་བརྗེའི་འཛུགས་སྐྲུན་དང་སྒྱུར་བཅོས་ཀྱི་བྱ་གཞག་ཁག་ནང་ཐེ་ཞུགས་གནང་མཁན་དང་དཔང་པོ་གནང་མཁན་ཞིག་བཅས་ཡིན་པས། ཁོང་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་ལས་བྱེད་རྒན་གྲས་རྣམ་པ་དང་བློ་མཐུན་རྒན་གྲས་རྣམ་པའི་ལོ་རྒྱུས་ཀྱི་མཛད་རྗེས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་ཁོང་རྣམ་པའི་ཕུལ་བྱུང་གི་སྤྱོད་བཟང་དང་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་གཞིས་ཀ་རྩེའི་བྱ་གཞག་ཁག་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
༢༠༢༥ལོ་ནི། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པ་དང་“ལོ་ལྔ་ཚན་བཅུ་པའི”་འཆར་འགོད་ཇུས་འགོད་ཀྱི་ལོ་ཞིག་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༦༠འཁོར་བའི་ལོ་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཨུད་ཀྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པའི་བཀོད་སྒྲིག་གཞིར་བཟུང་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་ཀ་རྩེ་གསར་པ་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཞིས་ཀ་རྩེའི་འཕེལ་རྒྱས་ནི་རྒྱ་ཆེའི་ལས་བྱེད་རྒན་གྲས་རྣམ་པ་དང་བློ་མཐུན་རྒན་གྲས་རྣམ་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། རེ་བར། ཁྱེད་རྣམ་པས་ཆབ་སྲིད་ཀྱི་དགེ་མཚན་དང་། ཉམས་མྱོང་གི་དགེ་མཚན། སྙན་གྲགས་ཀྱི་དགེ་མཚན་བཅས་མུ་མཐུད་འདོན་སྤེལ་གནང་སྟེ། སྔར་མུས་བཞིན་གཞིས་ཀ་རྩེའི་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་མུ་མཐུད་ནུས་པ་འདོན་སྤེལ་གྱིས་གཞིས་ཀ་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ང་ཚོས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་དོ་ཁུར། འཚོ་བའི་ཐད་གཟིགས་སྐྱོང་། བསམ་པའི་ཐད་ཐུགས་ཁུར་བཅས་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་བརྩེ་བ་འཆང་ཞིང་འགན་འཁྲི་འཁུར་བའི་ཐོག་ནས་ལས་བྱེད་པ་རྒན་གྲས་རྣམས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་རྣམས་དང་བློ་མཐུན་རྒན་གྲས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱ་རྒྱུ་ཡིན།
མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་རྣམ་པ་དང་། བློ་མཐུན་རྒན་གྲས་རྣམ་པ། དེ་བཞིན་ཁྱེད་རྣམ་པའི་ནང་མི་བཅས་ལ་དུས་ཆེན་གྱི་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། ཁྱིམ་ཚང་འཆམ་མཐུན། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།
ཀྲུང་གུང་གཞིས་ཀ་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་།
གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས།
༢༠༢༥ལོའི་ཟླ་༡ཚེས་༡ཉིན།