བ་རོད་དགོན་པ་དང་སྨན་ཤུལ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བ།

2024-12-18 16:56   四川  

དྲི་མེད་རིག་གནས་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

Zhimei Literature Pingtai

之美文学平台

🌺

ནང་དོན་ངོ་སྤྲོད།

ནང་དོན་ངོ་སྤྲོད།
བ་རོད་དགོན་པ་དང་སྨན་ཤུལ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བ། 
བ་རོད་དགོན་དགེ་ལྡན་བསྟན་རྒྱས་གླིང་འདི་ཐོག་མར་ཆགས་འདེབས་པ་པོ་ནི་ཇོའི་སྐུ་ཆེན་སྐུ་ཕྲེང་གསུམ་པ་སྐལ་བཟང་དགེ་ལེགས་རྣམ་རྒྱལ་མཆོག་ཡིན་མོད།  རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་སྔར་གྱི་དགོན་ས་དེར་གནས་མ་ཐུབ་པར་གང་སར་འཁྱམ་པའི་སྐབས་དེར།  

༡༽ སྨན་ཤུལ་སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་གིས་བ་རོད་དགོན་པ་སླར་གསོ་མཛད་པ་རེད།  ཁོང་གིས་བ་རོད་དགོན་པར་གནང་བའི་བཅའ་ཡིག་ལས།  “རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ལོར་ཁོ་བོ་ཅག་གིས་ཆགས་བཏབ་པའི་བ་རོད་དགའ་ལྡན་བསྟན་རྒྱས་གླིང་ཞེས་”གསལ་བ་ལྟར།   རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་སྟེ་སྤྱི་ལོ་(1844) ལོར་སྨན་ཤུལ་སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་གིས་བ་རོད་དགོན་པ་ཆགས་བཏབ་ཅིང་གདན་ས་དེ་ནས་གདན་རབས་དང་པོ་ཁོང་གིས་མཛད་པར་མ་ཟད།  རབ་བྱུང་བཅུ་བཞི་བའི་ལྕགས་ཁྱི་སྟེ་སྤྱི་ལོ་(1850)ལོར་ཁོང་ཉིད་ཀྱིས་བ་རོད་དགོན་པར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་མཐུན་པའི་བཅའ་ཡིག་བརྩམས་གནང་མཛད་ནས་བཤད་སྒྲུབ་ཀྱི་འཆད་ཉན་ལེགས་པར་བཙུགས་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེན་གནང་། དེ་ནས་བཟུང་ཁོང་གི་སྐུ་ཕྲེང་རིན་བྱོན་ནི་བ་རོད་དགོན་དགའ་ལྡན་བསྟན་རྒྱས་གླིང་གི་བསྟན་པའི་བདག་པོ་གྱུར་བ་རེད།  

༢༽  སྨན་ཤུལ་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཡེ་ཤེས་བསྟན་འཛིན་ཁོང་གིས་སྐུ་གོང་མའི་ཕྱག་ལས་རྒྱུན་སྐྱོང་གནང་སྟེ་བ་རོད་སྡེ་དགོན་གཉིས་ལ་གཟིགས་རྟོག་བླ་མེད་གནང་བ་ནི། སྨན་ཤུལ་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཡེ་ཤེས་བསྟན་འཛིན་དང་སེར་ཤུལ་ཁྲི་ཆོས་མཛད།  བ་རོད་དཔོན་བསྟན་འཛིན་ཆོས་འཕེལ་གསུམ་ཐུན་མོང་གིས་རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ཏེ་སྤྱི་ལོ་(1917)ལོར་བ་རོད་དགོན་པར་བཅའ་ཡིག་བརྩམས་གནང་མཛད་པ་སོགས་དགོན་པའི་ཆོས་བཤད་སྒྲུབ་ཀྱི་འཆད་ཉན་དར་སྤེལ་གནང་བ་དང་། མདོར་ན་དགོན་པའི་བསྟན་བདག་དང་སྡེ་བའི་དཔོན་པོའམ་དབུ་འཛིན་གྱི་ཐུགས་འགན་གཅིག་ཆོག་བཞེས་ནས་སྡེ་དགོན་གཉིས་ལ་གཟིགས་རྟོག་གནང་བའི་ལོ་རྒྱུས་མང་དུ་མཆིས་སོ།།  

༣༽  སྨན་ཤུལ་སྐུ་ཕྲེང་གསུམ་པ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་གིས་བ་རོད་སྡེ་དགོན་གཉིས་ལ་གཟིགས་རྟོག་གནང་བ་ནི་ལོ་རྒྱུས་ཙམ་ལས་ཤེས་པ་མ་ཡིན་པར་ཁོ་བོས་དངོས་སུ་མཐོང་བའང་ཤིན་ཏུ་མང་། བ་རོད་དགོན་པ་ཆོས་སྒོ་ཕྱེས་པའི་རྗེས་སུ་འདུལ་བའི་བསྟན་པ་དག་ཐེར་ལེགས་པར་གནང་བ་མ་ཟད།  བཤད་སྒྲུབ་ཀྱི་འཆད་ཉན་དར་སྤེལ་བཏང་བ་སོགས་དམ་པའི་རྣམ་ཐར་མང་དུ་བསྐྱངས་པའི་ཚུལ་ནི།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་འཛིན་བློ་བཟང་བསྟན་འཛིན་མཆོག་དང་། ཁྲི་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་རྣམ་པ་གཉིས་བ་རོད་དགོན་པར་ཕེབས་ནས་གཞུང་ཁྲིད་གནང་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་པའི་ལོ་རྒྱུས་དེའང་སྨན་ཤུལ་བླ་མའི་བཀའ་དྲིན་ཡིན།  ཡང་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བཤེས་ཐུབ་བསྟན་འོད་སྲུང་ངམ་ཁྲི་བ་གདུགས་མཆོག་རྒྱུན་དུ་བ་རོད་དགོན་པར་བཞུགས་ནས་དཔེ་ཁྲིད་དགེ་རྒན་གྱི་མཛད་པ་བསྐྱངས་པ་དེའང་སྨན་ཤུལ་བླ་མའི་བཀའ་དྲིན་ཡིན།  ལྷག་ཏུ་ཉིས་སྟོང་དགུའི་ལོར་གཙུག་ལག་ཁང་གསར་བཞེངས་གནང་བ་སོགས་ཀྱི་མཚོན་པའི་རྒྱུན་དུ་སྡེ་དགོན་གཉིས་ཀྱི་བྱ་བ་ལེགས་ཉེས་ཀུན་ལ་གཟིགས་རྟོག་རྒྱ་ཆེན་གནང་བར་མ་ཟད། རྒྱུན་དུ་སྡེ་དགོན་གཉིས་ཀྱི་བྱ་བ་ལེགས་ཉེས་ཀུན་ལ་གཟིགས་རྟོག་གནང་བར་མ་ཟད། སྨན་ཤུལ་བླ་མ་དགོངས་པ་རྫོགས་རྗེས་སུ་ཁྲི་བ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་མཆོག་གིས་སྨན་ཤུལ་བླ་མའི་མཛད་པ་རྒྱུན་བསྐྱངས་ཏེ་བ་རོད་སྡེ་དགོན་གཉིས་ལ་གཟིགས་རྟོག་རྒྱ་ཆེན་གནང་བའི་སྐལ་བ་བཟང་པོ་འདིའང་སྨན་ཤུལ་བླ་མའི་མཛད་འཕྲིན་གྱི་འོད་ཟེར་ལས་འཕྲོས་པ་ཅི་ལ་མིན།  མདོར་ན་སྨན་ཤུལ་བླ་མས་བ་རོད་སྡེ་དགོན་གཉིས་ལ་དྲིན་གྱིས་བསྐྱངས་པའི་མཛད་པ་ནི་བགྲང་གིས་མི་ལོང་པ་ཞིག་ཡོད་མོད་ཚིག་མང་དུ་དོགས་ནས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ།།  

ཁོང་ལ་དགའ་དད་ཤིན་ཏུ་ཆེ་བའི་སློབ་མཐར་གཏོགས་པ་ཐུབ་བསྟན་ཐབས་མཁས་ཀྱིས་ཤིང་འབྲུག་ལོའི་བོད་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་སི་བོད་ནང་བསྟན་སློབ་གླིང་དུ་བྲིས།


གསལ་བཤད།

འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་

ནང་དོན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག

དོ་དམ་པའི་འབྲེལ་གནས།lop098890

སྒྲིག་སྦྱོར་བ་སེར་ཤུལ་དྲི་མེད།




Zhimei Literature Pingtai
རྩོམ་རིག འཆད་ཁྲིད། གླུ་གཞས། པར་རིས། གྱེར་འདོན། གློག་བརྙན།
 最新文章