སྡེ་ཁུལ་ཉིད་གྲོང་མིའི་བློ་བདེ་བག་ཕེབས་ཀྱི་གནས་སུ་འགྱུར་བར་བྱེད།

政务   2025-01-31 18:28   四川  

དམངས་ཀྱི་བྱ་བར་དོན་ཆུང་མེད་ཅིང་། བསྒྲུབ་དགོས་པའི་ལས་ཀ་འབོར་ཆེན་གཞི་རིམ་དུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྡེ་ཁུལ་གྱི་སྟེགས་བུ་འདི་བརྒྱུད་དེ་རྒན་རྒོན་དང་བྱིས་པ་སོགས་ཀྱི་དམངས་འཚོའི་དོན་དག་དང་སྤྱི་པའི་ལས་དོན་ཡག་པོ་གཉེར་བ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཆ་ཧུར་ཐག་བྱ་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་བཟང་ཆ་མངོན་གསལ་དོད་པོ་ཞིག་ཡིན་པས། བཟང་ཆ་འདི་ཉིད་འདོན་སྤེལ་ཡག་པོ་བྱ་དགོས་ཞེས་བསྟན་གནང་ཡོད། མུ་འབྲེལ་ལེ་ཚན༼བདེ་སྐྱིད་ལྡན་པའི་ཐུགས་ཁུར༽ཞེས་པ་ལས་དེ་རིང༼སྡེ་ཁུལ་དེ་ཉིད་གྲོང་མིའི་བློ་བདེ་ཤོས་ཀྱི་གནས་སུ་འགྱུར་བར་བྱེད་དགོས༽ཞེས་པ་བཀོད་སྒྲིག་ཞུ་རྒྱུ་ཡིན།

ཁང་པའི་ཕྱི་རོལ་དུ་གོས་དཀར་ཁ་བས་བཀླུབས་མོད། ཁང་པའི་ནང་དུ་དུས་བཞི་དཔྱིད་དང་འདྲ། ལུགས་རྙིང་ལོའི་ལོ་གསར་ཚེས་གཉིས་ཉིན། ལེའོ་ཉིང་ཧྲེན་དབྱང་ཁྲང་ཨན་ཁུལ་ཆུང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་གྲོང་མི་ཚོ་མཉམ་དུ་འཛོམས་ནས་ཁ་བརྡ་གློད་པ་དང་ཁུ་ལུའི་མེ་ཏོག་བཟོ་བཞིན་སྤྲོ་སྣང་གིས་ཁེངས་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏག་ཏག་ས་ཆ་དེ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཁུལ་ཆུང་གི་གྲོང་མི་ཀུའོ་ཅེ་ཡིས། སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོའི་ཁུལ་ཆུང་འདི་ནི་ཁུལ་ཆུང་རྙིང་པ་ཞིག་ཡིན། སྒྱུར་བཀོད་བྱས་རྗེས་ཁོང་གིས་ཚང་མར་གཟིགས་པར་ཕེབས་པ་དེས་ང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན་དེ་བས་ཀྱང་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་པ་ཞིག་རེད་ཅེས་གསུངས་ཡོད།

འཛུགས་སྐྲུན་བྱས་ནས་ལོ་ངོ་30ལྷག་ཙམ་སོང་བས། ཏ་ཏུང་ཆུས་ཁྲང་ཨན་ཁྲོམ་གཞུང་ཁྲང་ཨན་ཁུལ་ཆུང་གི་ཁང་པ་དག་རྙིང་པར་གྱུར་ཡོད་མོད། འོན་ཀྱང་ལོ་ཤས་རིང་གཅིག་སྡུད་སྒྱུར་བཀོད་བྱས་པ་དེས་ཁུལ་ཆུང་གི་རྣམ་པ་རྙིང་པར་འགྱུར་བ་གསར་པ་བྱུང་ཡོད་དེ། མིག་མདུན་གྱི་བྱེད་ནུས་ཕུན་སུམ་ཚོགས་པ་དང་སྒེའུ་ཁུང་དཀར་གཙང་དོད་པའི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དེ་ནི་ཁྲོ་ཐབ་ཁང་སྒྱུར་བཀོད་བྱས་པ་ཞིག་ཡིན། ད་དུང་རྒན་རྒོན་ལ་འཚམ་པའི་ཇུས་འགོད་ཞིབ་ཕྲ་རབ་དང་རིམ་པ་བྱས་ཡོད་པས། གྲོང་མི་ཚོའི་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ཁུལ་ཆུང་གི་གྲོང་མི་ལུའུ་ཅུན་གྱིས། ཁུལ་ཆུང་གི་ནང་ངོས་སྒྱུར་བཀོད་བྱས་པར་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད། ད་ཆ་ང་ཚོ་ལྟེ་གནས་འདིར་སླེབས་སྐབས། ང་རང་ལྟ་བུར་མཚོན་ན་རི་མོ་འབྲི་སྦྱོང་དང་གྱེར་འདོན་བྱེད་སྟངས་སྦྱོང་གི་ཡོད་པས། དུས་ཚོད་ཚང་མ་བཀོད་སྒྲིག་ཚགས་ཚུད་པོ་ཐུབ་ཀྱི་འདུག  བདེ་སྐྱིད་ཟ་ཁང་གིས་བཟོས་པའི་ཟ་མ་རྣམས་རྒན་རྒོན་རྣམས་ཀྱི་དགའ་ཕྱོགས་དང་བསྟུན་ནས་བཟོ་བ་དང་སྡེབ་སྒྲིག་ཡག་པོ་བྱེད་ཀྱི་ཡོད་པས། བྲོ་བ་ཞིམ་ལ་གོང་ཁེ་བ་དང་། ས་ཆ་སྟོང་པར་ཚོང་ར་ཆེན་པོ་གཉེར་ཡོད་པས། ཅ་དངོས་ཉོས་ན་ཧ་ཅང་སྟབས་བདེ་པོ་ཡོད། དངོས་གནས་བདེ་སྐྱིད་ཀྱི་ཚོར་བ་ཆེན་པོ་འདུག་ཅེས་གསུངས་ཡོད།

ཁུལ་ཆུང་རྙིང་པ་སྒྱུར་བཀོད་དེ་ཕྱོགས་གཅིག་ནས་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་གོང་འཕེལ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་འདི་གར་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་ལས་དོན་པར། ཁྱིམ་མཚེས་གཡས་གཡོན་གྱིས་ཁྱེད་ཚོར་མཐེ་བོང་སྒྲེང་ནས་བསྟོད་བསྔགས་བྱེད་པ་དེ་ནི་གདེང་འཇོག་ཡག་ཤོས་རེད་ཅེས་གསུངས་པས། སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཞུའེ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། སྒྱུར་བཀོད་བྱས་རྗེས་གྲོང་མི་དང་ཁ་བརྡ་བྱེད་སྐབས་ཁོང་ཚོ་དགའ་པོ་བྱུང་བ་ཚོར་གྱི་འདུག སྒྱུར་བཀོད་སྐོར་གླེང་སྐབས་ཁོང་ཚོ་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག མི་མང་པོ་ཞིག་སླར་ཡང་ང་ཚོའི་སྡེ་ཁུལ་དུ་སྤོས་ཡོད།   འདི་གར་རྒས་ན་སྲི་ཞུ་སྒྲུབ་མཁན་ཡོད་པ་དང་རྒས་ན་སྤྲོ་སྣང་ཡོད་པ་འགན་ལེན་བྱེད་པ་དང་ཆབས་ཅིག རྒན་རྒོན་ཚོར་ད་དུང་རྒས་དུས་ལས་ཀ་བྱ་རྒྱུ་ཡོད་པ་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

སྡེ་ཁུལ་ཆུང་ནའང་ཁྱིམ་ཚང་ཁྲི་སྟོང་ལྷག་དང་འབྲེལ་བ་ཡོད། དེ་ལྟར་ཡིན་པའི་དབང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད། 2021ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཀུའེ་ཀྲོའུ་ཀུའེ་དབྱང་ཅིན་ཡོན་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས། སྡེ་ཁུལ་དེ་ཉིད་གྲོང་མི་བློ་བདེ་ཤོས་ཀྱི་གནས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས་ཡོད།  ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ། སྡེ་ཁུལ་གྱི་གྲོང་མི་རྒན་གཞོན་མཉམ་དུ་འཛོམས་ནས་འཁྲབ་སྟོན་ལ་བལྟ་བ་དང་ལྒང་བཞུའི་གབ་ཚིག་ཐིག་པ་བྱེད་པ། འཚེམ་འདྲུབ་རྒྱག་པ། དངུལ་རྒྱན་རྡུང་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་ཡོད།

རྒན་རྒོན་དང་བྱིས་པའི་ལས་དོན་དང་དམིགས་བསལ་མི་ཚོགས་ལ་དམིགས་ནས། ཞིབ་ཚགས་དང་གནད་འཁེལ་ཅན་གྱི་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་སྟེ། ཅིན་ཡོན་སྡེ་ཁུལ་གྱིས་སྲིད་དོན་གཞི་རིམ་དུ་བསྒྲུབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་རྒན་གསོ་ཞབས་ཞུའི་ས་ཚིགས་གསར་དུ་འཛུགས་པ། རྒན་རྒོན་སློབ་གྲྭ་འཛུགས་པ་བཅས་བྱས་ནས། སྡེ་ཁུལ་གྱི་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་སྟབས་བདེ་སྐྲུན་པ། དམངས་བདེ་ལ་འགོད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད། ཅིན་ཡོན་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡོན་ཆིན་གྱིས། ལོ་བཞིའི་རིང་། ང་ཚོས་དམངས་ཕན་ཞབས་ཞུའི་རྣམ་གྲངས་192བར་མང་དུ་བཏང་སྟེ། ཚང་མར་ཁྱིམ་ནས་བུད་མི་དགོས་པར་བྱ་བ་སྒྲུབ་ཐུབ་པ་དང་བྱ་བཟང་སྒྲུབ་ཐུབ་པར་བྱས་ཡོད། ང་ཚོས་ད་དུང་མུ་མཐུད་དུ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་རྒྱ་ཁྱབ་ངང་བསྡུ་རུབ་དང་ཞབས་ཞུ་ཞིབ་ཕྲ་བསྒྲུབས་ཏེ། གྲོང་མིའི་ཐོབ་ཚོར་དང་སྐྱིད་ཚོར།  བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

སྡེ་ཁུལ་ནི་གཞི་རིམ་རང་སྐྱོང་གི་གཞི་རྩའི་སྡེ་ཚན་ཞིག་ཡིན་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གཞི་རིམ་རྨང་གཞི་ཞིག་ཡིན། དཔྱིད་གསར་དུས་ཆེན་གོང་། ཅང་ཞི་ནན་ཁྲང་ཀོང་མིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་གསར་པའི་ནང་དུ་ཡོད་པའི་ཕིང་ཕང་སྤོ་ལོ་ཁང་དུ་འགྲན་བསྡུར་ཛ་དྲག་ཅིག་གཉེར་བ་དང་། འགྲན་བསྡུར་སྒྲིག་འཛུགས་བྱེད་མཁན་ནི་སྡེ་ཁུལ་གྱི་ཕིང་ཕང་སྤོ་ལོའི་ཏང་ཀྲི་པུའུ་རེད། ཉེ་བའི་ལོ་ཤས་རིང་། ཀོང་མིང་སྡེ་ཁུལ་ཏང་ཨུད་ཀྱིས་སྤྲོ་སྣང་དོད་པའི་སྡེ་ཁུལ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། ཏང་རྩ་འཛུགས་ཀྱིས་ཚོགས་པར་འགོ་ཁྲིད་བྱེད་པ་དང་། ཚོགས་པས་མང་ཚོགས་ཀྱི་ཡིད་དབང་བཀུག་ནས་ཞབས་འདེགས་ཞུ་བཞིན་ཡོད། ཀོང་མིང་སྡེ་ཁུལ་གྱི་ཕིང་ཕང་སྤོ་ལོ་ཏང་ཀྲི་པུའི་ཧྲུའུ་ཅི་ཧུའུ་ཞའོ་ཕིང་གིས། གཟུགས་པོར་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད་སྣང་བ་ཡང་སྐྱིད་པོ་ཡོང་བ་བྱེད་ཀྱི་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་། ཚང་མ་འཆམ་མཐུན་དང་དགའ་དགའ་སྤྲོ་སྤྲོ་ཡོང་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

2016ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་མིང་སྡེ་ཁུལ་ཕེབས་པ་དང་། ཏང་རྩ་འཛུགས་དེ་སྡེ་ཁུལ་གྱི་སྣེ་ཁྲིད་པར་དངོས་གནས་འགྱུར་བ་དང་ཕྱོགས་ཁག་གི་ལས་དོན་ལ་སྐུལ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཀོང་མིང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལྟེ་བར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་སྐྱིད་ཟ་ཁང་བཙུགས་པ་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་གསར་པ་འཛུགས་སྐྱོང་དང་ནུས་པ་དབྱེ་བའི་བར། དོན་དག་ཆེ་ཆུང་མེད་པར་ཚང་མ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་དམངས་གཙོའི་དོན་གྲོས་ལམ་སྲོལ་དང་དམངས་གཙོའི་གྲོས་མོལ་ལམ་སྲོལ་བརྒྱུད་ནས་གྲོང་མི་རང་ཉིད་ཀྱིས་འདེམས་ཤོག་འཕངས་ནས་ཐག་གཅོད་བྱེད་ཀྱི་ཡོད། ཀོང་མིང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཞུས་མེ་མེ་ཡིས། ང་ཚོས་དོན་དག་མ་བསྒྲུབ་གོང་དམངས་ལ་དགོས་མཁོ་འདྲི་བ་དང་། དོན་དག་སྒྲུབ་སྐབས་དམངས་ལ་ཐབས་ཇུས་འདྲི་བ། དོན་དག་བསྒྲུབས་རྗེས་དམངས་ལ་ཕན་འབྲས་འདྲི་བ། བརྒྱུད་རིམ་ཧྲིལ་པོར་དོན་དག་དེའི་སྐོར་དམངས་ལ་འགྲེལ་བཤད་རྒྱག་པ་བཅས་བྱེད་ཀྱི་ཡོད། ང་ཚོས་ཏང་རྩ་འཛུགས་ཀྱི་བཟང་ཆ་དེ་ཉིད་བཅོས་སྐྱོང་བཟང་ཆར་འགྱུར་བར་བྱེད་པའི་སྡེ་ཁུལ་བཅོས་སྐྱོང་འདུ་ཤེས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། སྡེ་ཁུལ་བཅོས་སྐྱོང་དེ་དོན་དངོས་དང་དེ་བས་ཉེ་བ་དང་། ལས་ཆོད་དེ་བས་ཆེ་བ། མི་ལ་དེ་བས་བརྩེ་བ་ལྡན་པ་བཅས་ཡོང་བ་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

དཔྱིད་གསར་དུས་ཆེན་ཡག་པོ་རོལ་བ་དེས་ལོ་གསར་པར་འགོ་ཡག་པོ་ཞིག་ཚུགས་པ་མཚོན་གྱི་ཡོད་པ་དང་། ཁྱིམ་ཚང་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་དང་རྒན་གཞོན་ཚང་མ་དགའ་སྤྲོ་ལྡན་ཞིང་སྐྱིད་པོ་ཡོང་བ་དེ་ནི་མི་ཡུལ་གྱི་མཛེས་ལྗོངས་ཤིག་རེད། ཀོང་མིང་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དུས་ཆེན་དགའ་གཏོང་བྱེད་པའི་འཆམ་མཐུན་གྱི་རྣམ་པ་འདི་འདྲ་ཞིག་མཐོང་དུས་ང་རང་ཡང་ཧ་ཅང་དགའ་པོ་བྱུང་། ང་ཚོའི་མི་དམངས་མང་ཚོགས་ཞི་བདེ་དང་བདེ་སྐྱིད་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ལས་ཀའི་འབད་འཐབ་དམིགས་འབེན་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

监制:彭刚

审核:拥青青措

责任编辑:索朗群措

编辑:华尔让

来源:中央广播电视总台藏语




云端石渠
传播石渠县时政新闻、民生关注等
 最新文章