ཉེ་ཆར། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོ་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག ཅང་ཞི་ཞིང་ཆེན་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་དང་མཉམ་ལས་དམ་ཟབ་བྱས་པར་བརྟེན། ཕྱི་རྒྱལ་དུ་བྲོས་པའི་ལས་ཐོག་གི་ཉེས་གསོག་དོགས་ཅན་ཞུས་ཧའེ་ཕུང་ཕྱི་རྒྱལ་དུ་རང་ཉེས་ངོས་ལེན་ཞུས་པ་མ་ཟད་རང་རྒྱལ་དུ་ཕྱིར་ལོག་བཏང་བ་རེད།
ཞུའེ་ཧའེ་ཕུང་། ཕོ། 1989ལོའི་ཟླ་གསུམ་པར་སྐྱེས། ཅང་ཞི་ཞིང་ཆེན་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་བཅའ་ཁྲིམས་དང་ཁྲིམས་སྲོལ་པུའི་སྤྱི་ཁྱབ་ཅིང་ལི་ཡིན། ལྐོག་རྔན་བླངས་པ་དང་བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་དོགས་གཞི་ཡོད། 2024ལོའི་ཟླ་བརྒྱད་པར་ཕྱི་རྒྱལ་དུ་བྲོས་ཤིང་། ཟླ་དེར་ཅང་ཞི་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ཤང་ཏུང་ཆུས་ལྟ་ཞིབ་ཨུ་ལྷན་དང་ཕིང་ཤང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་ཐོ་འགོད་བྱས་ནས་བརྟག་དཔྱད་དང་མྱུལ་ཞིབ་བྱས་པ་རེད། གྱོད་སྒྲུབ་ལས་ཁུངས་ཀྱིས་དུས་ཐོག་ཏུ་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བྱས་ནས། ཞུའེ་ཧའེ་ཕུང་ལ་ཕྱི་རྒྱལ་ནས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་རྒྱུར་སྐུལ་མ་བཏང་བ་རེད།
ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གི་འགན་འཁུར་བས་བཤད་རྒྱུར། ཞུའེ་ཧའེ་ཕུང་ཁྲིམས་ལ་སྦྱར་བ་དེ་ནི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ནས། “གནམ་རྒྱའི་བྱ་སྤྱོད”མུ་མཐུད་སྤེལ་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། ང་ཚོས་བྲོས་འདེད་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རུལ་སུངས་ཉེན་གཡོལ་བྱེད་ས་མི་བྱེད་པའི་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དངོས་སྒྲུབ་མཉམ་ལས་དེ་བས་ནུས་ལྡན་ངང་བྱས་ཏེ་ཕྱི་རྒྱལ་དུ་བྲོས་པའི་རུལ་སུངས་བར་གབ་ས་མེད་པར་བཟོ་རྒྱུ་ཡིན།