དྲ་ལམ་ནས་ཚོང་རྫས་རྫུན་མ་བཙོངས་ན་ཇི་ལྟར་བྱ།

政务   2024-11-16 10:26   青海  

འདི་ལྟ་བུའི་གན་རྒྱ་ནུས་ལྡན་ཡིན་ནམ།

གྱོད་དཔེ།

དྲ་ལམ་ཚོང་ཁང་ཞིག་གིས་ཚོང་རྟགས་གྲགས་ཅན་ཞིག་གི་སྟོད་ལྭ་འཚོང་བཞིན་ཡོད་པར་མ་ཟད། བྱ་འགུལ་སྤེལ་ཏེ་ཚོང་རྫས་སྤུས་ལེགས་ཡིན་ཞིང་སྟོད་ལྭ་གསུམ་ཡན་ཉོས་ན་རིན་མེད་སྒོས་བསྐུར་ཞེས་བསྒྲགས་འདུག དེ་བས་མཚོ་སྐྱེས་ཀྱིས་དྲ་ལམ་དུ་ཚོང་ཁང་དེ་གས་བསྐུར་བའི་བྱ་འགུལ་བརྡ་སྦྱོར་མཐོང་མ་ཐག་འཕྲལ་དུ་སྟོད་ལྭ་གསུམ་ཉོས། ཡིན་ན་ཡང་མཚོ་སྐྱེས་ཀྱི་ལག་ཏུ་སྟོད་ལྭ་གསུམ་པོ་འབྱོར་དུས་ཚོང་རྟགས་སྦྱར་བྱང་མེད་ནའང་། མོས་དུས་ཐོག་ཏུ་ཅི་ཡང་མ་བསམས་པར་ཉིན་འགའ་འགོར་ནས་སྟོད་ལྭ་བཀྲུ་དུས་མདོག་ཡལ་བ་ཅུང་ཚབས་ཆེན་ཡིན་པས་མོས་ད་གཟོད་རང་ཉིད་ལ་མགོ་སྐོར་ཐེབས་པ་རྟོགས། མཚོ་སྐྱེས་ཀྱིས་དྲ་ལམ་ཚོང་ཁང་གི་ཚོང་བདག་བཙལ་ཏེ་ཚོང་རྫས་ཕྱིར་བསློག་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཚོང་བདག་གིས་སྟོད་ལྭ་བཀྲུས་ཟིན་པ་གནས་ལུགས་སུ་བཟུང་ནས་ཕྱིར་བསློག་རྒྱུ་དང་ལེན་གཏན་ནས་མ་བྱས། ཕྱིས་སུ་མཚོ་སྐྱེས་ཐབས་ཟད་འུ་ཐུག་དང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཚོང་བདག་དང་གྲོས་བྱས་ནས་ཚོང་རྫས་བརྗེ་སོར་བྱེད་པ་ལས་ཐབས་བཀོད་གཞན་མེད་པར་གྱུར།


བཅའ་ཁྲིམས་དབྱེ་ཞིབ།
རང་རྒྱལ་གྱི《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན23པའི་ཚན་པ2པའི་གཏན་འཁེལ་ལྟར་ན། “ཚོང་གཉེར་མཁན་གྱིས་མཚམས་སྦྱོར་བརྡ་ཁྱབ་དང་ཐོན་རྫས་ཀྱི་གསལ་བཤད། དཔེ་མཚོན་ཐོན་རྫས་སམ་ཐབས་ལམ་གཞན་དག་བཅས་ལ་བརྟེན་ནས་ཚོང་ཟོག་གམ་ཞབས་ཕྱིའི་བྱ་བའི་སྤུས་ཚད་གནས་ཚུལ་གསལ་སྟོན་བྱས་པ་ཡིན་ན། འདོན་སྤྲོད་བྱས་པའི་ཚོང་ཟོག་གམ་ཞབས་ཕྱིའི་བྱ་བའི་དོན་དངོས་ཀྱི་སྤུས་ཚད་དེ་གསལ་སྟོན་བྱས་པའི་སྤུས་ཚད་གནས་ཚུལ་དང་གཅིག་མཚུངས་ཡིན་པར་ཁག་ཐེག་བྱ་དགོས”ཞེས་བཀོད་ཡོད། ཡང་གཅིག་བཤད་ན། ཚོང་གཉེར་མཁན་གྱིས་ཚོང་ཟོག་གི་ཞིབ་བརྗོད་ཅི་འདྲ་ཡིན་ན། བཙོངས་ཟིན་པའི་ཚོང་ཟོག་དེ་ཞིབ་བརྗོད་དང་གཅིག་མཐུན་ཡིན་པར་ཁག་ཐེག་བྱ་དགོས་པ་ལས་རྫུན་བཟོ་བྱེད་མི་རུང་། གྱོད་དོན་འདིའི་ཁྲོད་དུ། ཚོང་པས་ལྭ་བའི་ཚོང་རྟགས་དངོས་མ་ཡིན་ཟེར་ན་དངོས་མ་ཡིན་དགོས། གལ་ཏེ་དངོས་མ་མིན་ན། ཚོང་པས་དེ་མཐུན་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས།
གཞན་ད་དུང་རང་རྒྱལ་གྱི《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན20པའི་ཚན་པ1པོའི་གཏན་འཁེལ་ལྟར་ན། “ཚོང་གཉེར་མཁན་གྱིས་འཛད་སྤྱོད་པར་འབྲེལ་ཡོད་ཚོང་ཟོག་གམ་ཞབས་ཕྱིའི་སྤུས་ཚད་དང་ནུས་པ། སྤྱོད་སྒོ། ནུས་ལྡན་དུས་བཅད་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱས་པ་ནི། དོན་དངོས་དང་མཐུན་དགོས་པ་ལས་རྫུན་བཟོའམ་མི་ལ་གོ་ནོར་ཐེབས་སུ་འཇུག་པའི་ཁྱབ་བསྒྲགས་བྱས་མི་ཆོག”ཅེས་བཀོད་ཡོད། གྱོད་དོན་འདིའི་ཁྲོད་དུ། ཛཚོང་པས་རང་གི་ལྭ་བ་ནི་ཚོང་རྟགས་དངོས་མ་ཡིན་ཟེར་མོད། འོན་ཀྱང་མཚོ་སྐྱེས་ཀྱིས་ལྭ་བ་ལག་ཏུ་འབྱོར་རྗེས་ད་གཟོད་དངོས་མ་མིན་པ་ཤེས། དེར་བརྟེན། མཚོ་སྐྱེས་ཀྱིས《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན55པའི་ཚན་པ1པོའི་གཏན་འཁེལ་ལྟར། དྲ་ལམ་ཚོང་ཁང་དེ་གར་རང་ཉིད་ལ་ཐེབས་པའི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་གདོན་ཆོག་པ་དང་། ལྭ་བའི་རིན་གོང་གི་ལྡབ་གསུམ་གྱིས་སྐྱིན་ཚབ་གཞལ་དགོས། གལ་ཏེ་སྐྱིན་ཚབ་སྒོར500མ་ལོངས་ན་སྒོར500ལྟར་གཞལ་དགོས།


ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章