ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མར་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་ཡོད།
ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གོང་འཕེལ་གྱི་བརྒྱུད་རིམ་ལས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ45སོང་རིང་གི་ཉམས་མྱོང་དང་བློ་སྒོ་ཕྱེ་བ་ར་སྤྲོད་ཐུབ་ཡོད། གལ་སྲིད་རྒྱལ་ཁབ་གཉིས་པོས་རོགས་ཟླ་དང་གྲོགས་པོ་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་ཕན་འདོགས་པ་བཅས་བྱས་ཚེ་ཀྲུང་ཨའི་འབྲེལ་བ་གོང་འཕེལ་མྱུར་པོ་ཡོང་ཐུབ། གལ་ཏེ་ཕར་ཕྱོགས་ཁ་གཏད་དང་དགྲ་བོར་བརྩིས་ནས། འགྲན་རྩོད་ངན་པ་བྱེད་པ་དང་ཕན་ཚུན་གནོད་འཚེ་བཏང་ཚེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་འགལ་རྐྱེན་འཕྲད་སྲིད་པ་དང་ཐ་ན་ཕྱིར་བཤོལ་ཐེབས་སྲིད།དེང་གི་འཛམ་གླིང་ནི་ཟང་ཟིང་ཆེ་ཞིང་བདེ་འཇགས་མེད་པ་དང་། གདོང་ཐུག་ཡང་ཡང་ཐོན་པ། གནད་དོན་གསར་རྙིང་མཉམ་དུ་གནས་པ། མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་རྩོད་དང་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་དབར་གྱི་འགྲན་རྩོད་ནི་དུས་རབས་ཀྱི་གཞི་རྩའི་ཁ་དོག་ཡིན་མི་རུང་ཞིང་། མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་དུས་ངལ་མཉམ་སེལ་བྱེད་ཐུབ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བཞིན་ཡོད་པས། “འབྲེལ་ཐག་གཅོད་པ”ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་མིན་ལ། གཉིས་ཕན་མཉམ་ལས་བྱས་ཚེ་གཞི་ནས་ཐུན་མོང་ཐོག་གོང་འཕེལ་འགྲོ་ཐུབ། “སྒོ་ར་ཆུང་ངུ་སྐོར་བ་དང་གྱང་མཐོ་པོ་རྩིག་པ”དེ་ནི་རྒྱལ་ཁབ་ཆེན་པོའི་བྱེད་སྟངས་ཤིག་མིན་པར། སྒོ་དབྱེ་མཉམ་སྤྱོད་བྱས་ཚེ་གཞི་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་གནམ་འོག་གི་ཁེ་ཕན་དོན་གཉེར་བྱེད་དགོས་པ་དང་། མིག་སྔའི་ཟང་ཟིང་གི་འཛམ་གླིང་འདིར་གཏན་འཁེལ་རང་བཞིན་དང་དྲང་ནུས་མང་ཙམ་མཁོ་འདོན་བྱེད་དགོས།
ངས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པའི་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འབྲེལ་བ་ཡོད་ལ་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་ཡང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ནས་མགོ་བཙུགས་ཏེ། བློ་གྲོས་ལྡན་པའི་གདམ་ག་བྱས་ཏེ། རྒྱལ་ཁབ་ཆེན་པོ་གཉིས་པོའི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་མུ་མཐུད་འཚོལ་ཞིབ་བྱེད་པ་དང་། གོ་ལ་འདིའི་ཐོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་ཡུན་རིང་ཞི་བདེ་མཉམ་གནས་ཐུབ་པར་བྱེད་དགོས།
ཨ་རིས་འདེམས་བསྐོ་ཆེན་མོ་བྱས་ཚར་ཙམ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་རུང་བའི་གོང་འཕེལ་བཅས་ལ་གཞོལ་བའི་དམིགས་འབེན་ལ་འགྱུར་བ་བྱུང་མེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ལ་འགྱུར་བ་བྱུང་མེད་པ། རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པ། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པའི་འདོད་འདུན་ལ་འགྱུར་བ་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་དང་སྐད་ཆ་ཤོད་རེས་མུ་མཐུད་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བཅས་བྱས་ཏེ། ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་བར་བརྒལ་ཡོང་བར་འབད་བརྩོན་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད།།
来源:康巴传媒藏文
编辑:她姆措
校对:她姆措
二审:梅朵
三审:白玛曲吉
监制:彭刚