ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-28 08:33   青海  

གསར་འགྱུར་གལ་ཆེན།

ཟླ11པའི་ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་ནུས་ལྡན་ངང་ཆུང་དུ་གཏོང་བའི་འགུལ་སྐྱོད་ཇུས་གཞི》པར་འགྲེམས་བྱས།

དེ་རིང་། རེབ་བཅུ་གཅིག་པའི་ཁོ་རི་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རང་རྒྱལ་དུ་ཕྱིར་སྐྱེལ་རྒྱུ་རེད།

བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྔོན་གྱི་ཟླ10པོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་རིན་ཐང་འཕར་མ་དུས་མཚུངས་ལས7.0%འཕར་བ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་མཛུབ་ཁྲིད་བསམ་འཆར་ཡོངས་བསྒྲགས་བྱས་ནས2025ལོའི་ལོ་མཇུག་ཏུ། དམ་ཟབ་རྣམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི(གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ་དང་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་ཚུད)སྨན་བཅོས་མཉམ་འབྲེལ་ཁྱབ་ཁོངས་ནང་དབར་གྱི་སྨན་བཅོས་སྒྲིག་གཞིའི་དབར་གྱི་རྣམ་གྲངས་ཚང་མ་ཕན་ཚུན་ངོས་ལེན་ཐུབ་པ་བྱ་རྒྱུ་རེད།

2024ལོའི་ཟླ11བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24རུ་ཞིང་ཆེན་ལས་བརྒལ་བའི་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ28བཙུགས་ནས། རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་ཕྱེད་ཀ་ཙམ་ཁ་གསབ་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།

ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་ཞིང་ལས་ཞབས་ཞུའི་ལྟེ་གནས་ཁྲི1.7དང་ལོ་ཏོག་སྨན་ཁང་ཁྲི6.3བཙུགས་ཡོད་པ་རེད།

ཚེས27ཉིན། ཀྲུའུ་ཆུའེ་ཨང་གཉིས་པའི་ལེགས་གཏོང་རྣམ་པའི་ཡའོ་དབྱི(遥一)སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཏུང་ཧྥེང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟའི་ཁུལ་དུ་འཕེན་གཏོང་བྱས་པ་དང་། འོད་སྐྱེལ01དང02རྟགས་ཅན་གཉིས་འཆར་གཞིའི་འཁོར་ལམ་དུ་བདེ་བླག་ངང་བསྐྱལ་ནས། འཕུར་སྐྱོད་ཚོད་ལྟའི་ལས་འགན་ཡོངས་སུ་འགྲུབ་ཡོད།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་ཚེས26ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས། བདེ་འཇགས་ནང་བློན་ཁང་གིས་ཉིན་དེར་དབྱི་སི་རལ་དང་ལེ་པ་ནོན་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ཆོག་མཆན་སྤྲད་ཡོད་ཟེར།

སྤྱི་ཚོགས།

ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་རླུང་ཆེན་གཡུག་པའི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ནང་སོག་གི་ས་ཁུལ་མང་ཆེ་བ་དང་། ཉིང་ཞ། ཧྲའན་ཞིའི་ནུབ་བྱང་རྒྱུད། ཧྲན་ཞི། ཧི་པེའི་བྱང་རྒྱུད། པེ་ཅིན་གྱི་ནུབ་རྒྱུད། ཧོ་ནན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4-5བར་དང་། ཐོལ་རླུང་རིམ་པ6-8བར་གཡུག་རྒྱུ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གུང་ལེའོ་ཉིང་ཞིང་ཆེན་ཏང་ཨུ་བཅས་ཀྱིས་བློ་མཐུན་ཕན་ཧྥེ་ཆུང་ལ“རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན”དང“ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱས་པ་རེད།

ཚེས27ཉིན། རྨ་ཆུའི་ནང་སོག་དུམ་བུར་ཐོག་མར་འཁྱགས་རོམ་བཞུར་བ་དང་རྨ་ཆུ2024ལོ་ནས2025ལོ་བར་གྱི་འཁྱགས་རོམ་འབྲུབ་པའི་དུས་སུ་སླེབས་ཡོད་པ་རེད།

ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་ཕུའུ་ཏུང་ཆུས་གསར་གྱི་ཆུས་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲི་སུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ཧྲན་ཤིས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཡུན་ཁྲེང་ཞ་རྫོང་གི་ཚུའེ་ཅ་ཧོ་གཙང་པོའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པའི་དཔྱད་གཞི་ཡོངས་བསྒྲགས་བྱས་པ་དང་། གནའ་ཤུལ་དེ་ད་བར་ལོ5000ལྷག་ཙམ་སོང་བའི་ཡང་ཧྲོའོ་དུས་དཀྱིལ་གྱི་མིའོ་ཏི་ལུང་ཤུར་གྱི་རིག་གནས་ལ་གཏོགས་པ་མ་ཟད། སྐབས་དེར་མཐོང་དཀོན་པའི་ཚོན་ཁྲ་ཅན་གྱི་རྫ་གཞོང་ཞིག་ཀྱང་ས་འོག་ནས་རྙེད་པ་རེད།

ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲང་ཙི་ཞིབ་འཇུག་པ་ཚོགས་པས་བརྙན་རྒྱུ་ཐོག་མར་ལོགས་སུ་དབྱེ་ནས་འདྲ་རིས་གྲུབ་པ་མངོན་འགྱུར་བྱུང་བ་དང་། ཚན་ཁྲའོ་མ་དཔེ་འདྲ་རིས་སུ་གྲུབ་པའི་ལག་རྩལ་གསར་སྤེལ་བྱས་པ་རེད།

ཧེ་ལུང་ཅང་ཧྲོང་དབྱང་རྡོ་སོལ་གཏེར་ཁུལ་གྱི་ཝ་སི་འབར་གས་དོན་རྐྱེན་ཚབས་ཆེན་གྱི་བརྟག་དཔྱད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། མི44ལ་འགན་འཁྲི་བདའ་འདེད་བཏང་པ་རེད།

མ་དབྱིང་ཅིའུ་ཐེབས་རྩ་ལྷན་ཚོགས་ཀྱི་གདན་ཞུས་ལྟར། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སོགས་མཐོ་སློབ་བདུན་གྱི་དགེ་སློབ་ཁྱོན40ལས་གྲུབ་པའི་ནང་ལོག་གི་མཐོ་སློབ་དགེ་སློབ་ཀྱི་འཚམས་འདྲི་ཚོགས་པ་ཚེས27ཉིན་ཐའེ་ཝན་ཐའོ་ཡོན་གནམ་ཐང་དུ་འབྱོར་ནས། ཉིན་དགུ་མཚན་བརྒྱད་ཀྱི་ལྟ་སྐོར་འཚམས་འདྲི་བྱེད་སྒོ་སྤེལ་བ་རེད།

འཛམ་གླིང་གི་བྱ་སྒྲོའི་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས2024ལོའི་གཟའ་འཁོར་ཐེངས48ནང་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། ཧྥེང་ཡན་ཀྲེ/ཧོང་ཏུང་ཕིང་གཉིས་འཛམ་གླིང་ཨང་རིམ་ལས་ཐོག་མར་ཨང་དང་པོར་སླེབས་ཡོད།

སྲིད་ཇུས།

པེ་ཅིང་གིས་ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཁྱབ་བསྒྲགས་བྱས་ནས། ཁེ་ལས་ཀྱི་ལས་བཟོ་བའི་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱེད་རིང་དཔྱད་རྩོམ་དེ་ངེས་པར་དགོས་པའི་བླང་བྱར་མི་བརྩི་བ་དང་། ཐོན་རྫས་གསར་པ་ཞིབ་སྤེལ་སོགས་ལས་ཀའི་ལས་ཕྱོད་དེ་གདེང་འཇོག་གི་དཔྱད་གཞི་གལ་ཆེན་དུ་བརྩི་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་བོར་བཏོན་པ་རེད།

ཐེན་ཅིན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་ཆ་རྐྱེན་དང་མཐུན་པའི་གཏན་སྡོད་མིན་པའི་བྱིས་པའི་ཁྱིམ་ཚང་དེ་གྲོང་ཁྱེར་འདིའི་སྤྱི་པའི་བོགས་གཏོང་སྡོད་ཁང་གི་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།

ལེའོ་ཉིང་ཧྲེན་དབྱང་གིས་བརྡ་ཐོ་པར་འགྲེམས་བྱས་ནས་རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པས་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་བྱས་པའམ་ཡང་ན་གཏན་འཁེལ་བྱས་པའི་གཞི་རྩའི་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་དེ་ལོ་དེའི་རིང་ལ་འདེབས་ཁྱོན་མུའུ་ཁྲི50ཟིན་པར་ཁྱབ་གདལ་ཁེ་ལས་ལ་བྱ་དགའ་སྒོར་ཁྲི10སྤྲོད་རྒྱུ།

དེ་རིང་གི་གནམ་གཤིས།

ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིན་གྱི་དབུས་བྱང་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་པ་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འཚུབ་འབབ་རྒྱུ་རེད། སི་ཁྲོན་གཤོངས་སའི་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་ནུབ། ཡུན་ནན་གྱི་ས་ཁུལ་མང་ཆེ་བ་བཅས་སུ་ཆར་ཆུང་ཆུང་འབབ་རྒྱུ་དང་། དེའི་ནང་། སི་ཁྲོན་གྱི་ལྷོ་རྒྱུད་དང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་དུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章