སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿
༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །
ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།
དམིགས་བརྩེ་མ་དང་། འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཤིག་བཏོན་ནས་ཕྱག་མཆོད་དང་། སྤྱན་འདྲེན་ཁྲུས་གསོལ། མཎྡལ་སོགས་ཀྱི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱོང་རེ་བྱས་ན་དཔེ་ཆ་མི་ཤེས་པ་ཞིག་ཡིན་ཡང་། འདི་ལྟར་ཚོགས་བསགས་པ་རྭ་ལྟར་གྱོང་བའི་རང་རྒྱུད་འདུལ་བའི་ཐབས་ལ་འགྲོ་བར་དོགས་པ་མེད། ཚོགས་བསགས་སྒྲིབ་སྦྱོང་མེད་ན་བརླན་མེད་ས་བོན་དང་མཚུངས།
དཔེ་ཆ་བལྟས་ནས་ཉལ་བསྡད་པས་མི་ཆོག ཕུར་ལྕོག་བྱམས་པ་རིན་པོ་ཆེའི་སྐུ་གཟུགས་ཅུམ་ཙམ་ཆེ་ན་ཡང་། ཁོང་གིས་དུས་རྒྱུན་དུ་བརྐྱངས་ཕྱག་ལྔ་བརྒྱ་རེ་འཚལ། ཁྱེད་ལ་ཉམས་ལེན་ཅི་ཞིག་ཡོད་ཅེས་འདྲི་དུས། ང་ལ་ཉམས་ལེན་གཞན་མེད། བརྐྱངས་ཕྱག་ལྔ་བརྒྱ་རེ་འཚལ་ནས་ཉལ་བསྡད་པ་ཡིན་གསུངས།
ཉེས་པ་ཉེས་པ་ཡིན་པ་ཤེས་བཞིན་དུ་དེའི་ཕྱོགས་སུ་བརྩོན་པ་ནི་མཁས་པ་མིན་པའི་རྟགས་རེད།