གསར་འགྱུར་གལ་ཆེན།
➤ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་གྱི་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།
➤ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས17ཉིན། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི《ཧྲེང་པའོ་ལུའོ་ཚགས་པར》ཐོག《ལེ་དབར་ཁྲི་ཡིས་བདེ་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད》ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ་བ་རེད།
➤རང་རྒྱལ་གྱིས་རང་བརྟེན་ཇུས་བཟོ་བྱས་པའི་རྒྱ་མཚོ་ཆེ་མོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་དང་པོ་སྟེ“ཕུགས་འདུན”རྟགས་ཅན་དེ་ཚེས17ཉིན་ཀོང་ཀྲོའུ་རུ་དངོས་སུ་རུ་གྲལ་དུ་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
➤ད་ལོ་རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི4500ལྷག་བརྒལ་ནས་ལོ་བཞིར་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།
➤ད་ལོའི་ཟླ1པོ་ནསཟླ10པའི་བར། རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོ་རིམ་རྩིས་བྱས་ན་ཁག་དུང་ཕྱུར1555ཡོངས་འགྲུབ་བྱས་པ་དང་། དུས་མཚུངས་ལས19.9%འཕར་ཡོད་པ་རེད།
➤《〈འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་མཐོ་ཤོས་དེ་ལོ63བར་རིང་དུ་གཏོང་རྩིས་ཡོད་པ་རེད།
➤ད་ལོའི་ཟླ1པོ་ནས་ཟླ10པའི་བར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་46893ཡོད། དུས་མཚུངས་ལས11.8%འཕར་ཡོད་པ་རེད།
➤འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10པའི་བར་ཀྲུང་གོས་པར་ཙིར་དང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི1.14བྱས་པ་དང་། དུས་མཚུངས་ལས9.9%འཕར་ཡོད་པ་རེད།
➤ཚེས17ཉིན། ཀྲུང་གོ་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོབ་བྱས་པའི་མོང་གོལ་རྒྱལ་ཁབ་ཀྱི་བྱིས་པ25ཨུ་ལན་དཔའ་ཐུལ་ནས་པེ་ཅིང་དུ་བསྐྱོད་པ་དང་ཁོང་ཚོས་ཀྲུང་གོ་ནས་སྙིང་ཁམས་གཤགས་བཅོས་དང་ལེན་བྱ་རྒྱུ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“དབན་དབྱི”དེ་ཚེས17ཉིན་གྱི་མཚན་མོ་ནས་ཚེས18ཉིན་གྱི་ཐོ་རེངས་བར། ལྷོ་རྒྱ་མཚོའི་ཤར་རྒྱུད་ཀྱི་མཚོ་ངོས་སུ་ཐོན་རྒྱུ་དང་འབྲེལ་ཧའེ་ནན་གླིང་ཕྲན་ཤར་རྒྱུད་ཀྱི་མཚོ་ངོས་སུ་བཅར་རྒྱུ་ཡིན་པ་དང་ཤུགས་ཚད་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད།
➤སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་འགྲེམས་སྟོན་ཚེས17ཉིན་མཇུག་སྒྲིལ་ཞིང་། སྐབས་འདིའི་མཁའ་འགྲུལ་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི60ལྷག་ཙམ་ཉེ་བ་དང་། གན་འཇོག་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར2800ལྷག་བརྒལ་ཡོད་པ་རེད།
➤ཚེས16ཉིན། ཧྥུའུ་ཏན་པར་གཞིའི《2023ལོ་འཁོར་གྱི་ཀྲུང་གོའི་སྨན་ཁང་གི་ཕྱོགས་བསྡུས་མིང་རིམ》དང《2023ལོ་འཁོར་གྱི་ཀྲུང་གོའི་སྨན་ཁང་གི་ཆེད་ལས་ཚན་ཁག་གི་མཚན་སྙན་མིང་རིམ》ཁྱབ་བསྒྲགས་བྱས་པ་རེད།
➤རྒྱལ་ཁབ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ2029ལོར་ཚོད་ལྟའི་གཉེར་སྐྱོང་བྱ་རྩིས་ཡོད་པ་དང་ཆུ་སྲིན་གྱི་མ་དཔེ་སྟོན་རྒྱུ་ཡིན་པ་རེད།
➤ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་སྐད་ཡིག་རིག་པའི་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་དངོས་སུ་བཀལ་ནས་བཙུགས་པ་རེད།
➤རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གཟུགས་པོའི་ཕྱི་རོལ་དུ་ཚོར་བའི་དབང་རྩའི་རྙོག་འཛིང་ཆེ་བའི་མ་ལག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཕྲ་ཕུང》ཐོག་བཀོད་ཡོད་པ་རེད།
➤ཉིན་ཤས་གོང་། རང་རྒྱལ་གྱི་འཛུགས་སྐྲུན་རྒྱུ་ཆ་ལས་རིགས་ཀྱིས་ཉེ་བའི་ལོ་ཤས་རིང་གཞོམ་ཞིག་རང་བཞིན་དང་། ཚད་བརྒལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་གྲུབ་འབྲས་ལྡན་པའི་ཚན་རྩལ་གསར་ཤོས་གཅིག་སྡུད་ཐོག་ཡོངས་བསྒྲགས་ཐེངས་དང་པོ་བྱས་པ་དང་། རྒྱུན་མཐུད་ལས་གྲྭའི་ཐོག་སྡོད་ཁང་སྐྲུན་པ་དང་ཡང་བའི་ཨར་འདམ་རླངས་འགྱིག་སོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།
➤ཉེ་ཆར། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་དབྱང་ཡུས་ལིན་གྱིས་ཁྲག་གསོའི་ཕྲ་ཕུང་ཧོ་ཧྲེན210སྦྱིན་པ་བྱས་ཏེ། འཕྲད་མ་བྱུང་བའི་བུ་མོ་ཆུང་ཆུང་ཞིག་ལ“ཚེ་སྲོག་གི་རེ་བ”བསྐྱལ་བ་རེད།
སྲིད་ཇུས།
➤ཨན་ཧུའེ་ཡིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་གཏན་འབེབས་གཞིར་བཟུང་ནས་ཁམས་གསོ་ལས་རིགས་དང་ལས་རིགས་གསོ་སྦྱོང་ནང་ཞུགས་པའི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མར་ཁ་གསབ་སྤྲོད་རྒྱུ་རེད།
➤ཧྲན་ཏུང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་། རྫོང(གྲོང་ཁྱེར་དང་ཆུས)། གྲོང་ཁུལ་གྱི་སློབ་གྲྭ་བཅས་ཀྱིས་ཉམས་ཞན་གྲོང་ཁྱེར་དང་། རྫོང(གྲོང་ཁྱེར་དང་ཆུས)དེ་བཞིན་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་ནས་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན་སྔོག་པའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་རེད།
➤ཧྲན་ཤིས་ཀྱིས་བརྡ་ཐོ་བཏང་ནས་བཤས་ཕྱུགས་དང་བཞོན་མའི་རྒྱུད་པ་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་ཆེན་རིམ་པའི་ལྟེ་བའི་སོན་གསོ་ར་བ་དང་། རྒྱུད་བཟང་ཁྱུ་གཡག་ས་ཚིགས། རྒྱུད་བཟང་གསོ་སྤེལ་ཁྱབ་གདལ་ར་བ་བཅས་ལ་སྤྲོད་ཐེངས་གཅིག་ལ་སྒོར་ཁྲི100དང་། སྒོར་ཁྲི60དང་། སྒོར་ཁྲི40བཅས་ཀྱི་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་རེད།
དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། མཚོ་སྔོན་གྱི་བྱང་རྒྱུད། ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ལྷོ་རྒྱུད། ཉིང་ཞ། ཧྲའན་ཞི་ཡི་དབུས་བྱང་རྒྱུད། ཧྲན་ཞིའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངུ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧྲའན་ཤིས་ལྷོ་རྒྱུད་དང་། ཧུའུ་པེའི་ནུབ་བྱང་རྒྱུད། སི་ཁྲོན་གཤོངས་སའི་བྱང་ཤར་རྒྱུད། ཁྲུང་ཆིང་ཤར་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系