སེམས་ཁྲལ་མ་གནང་། ཁོང་ཚོ་ཚང་མ་སྟབས་བདེའི་ཁང་པའི་ནང་སྤོས་ཚར་འདུག

政务   2025-01-17 19:11   西藏  
 2025ལོའི་ཟླ་1ཚེས7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། མི་སྣ་ཤི་རྨས་དང་། སྡོད་ཁང་ལོག་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ཆུ་ལྷོ་ཤང་མཚོ་དབར་གྲོང་ཚོ་ནི་ད་རེས་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་གྲོང་ཚོའི་གྲས་ཡིན་པ་དང་། ས་ཡོམ་ཁྲོད་མཚོ་དབར་གྲོང་ཚོའི་ཐེམ་པ་ཁྱོན་109ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་རེད།


    དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། ཆུ་ལྷོ་ཤང་ཏང་ཨུད་དང་། གྲོང་ཚོ་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དིང་རིའི་ས་ཡོམ་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གེགས་སེལ་ལས་དོན་ལ་བཏོན་པའི་བླང་བྱ་ལག་བསྟར་ཏན་ཏིག་བྱས་ནས། རྨས་མ་མྱུར་སྐྱོབ་དང་། མང་ཚོགས་བདེ་འཇགས་ས་ཚིགས་སུ་སྤོ་བ། མང་ཚོགས་ལ་གནས་སྐབས་སྡོད་སའི་གུར་ཕུབ་པ། བཟའ་བཏུང་ཐག་གཅོད་སོགས་ཀྱི་གེགས་སེལ་ལས་དོན་ཏན་ཏིག་བསྒྲུབས་ཡོད་པ་རེད།


     གཞིས་རྩེ་གྲོང་ཁྱེར་རྩེ་གསུམ་ཁེ་ལས་ཀྱིས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ། ཨར་འདམ་ཁང་པ་ཁྱོན་18 དིང་རི་རྫོང་ཆུ་ལྷོ་ཤང་མཚོ་དབར་གྲོང་ཚོའི་ས་ཡོམ་བརྒྱབ་ཁུལ་གྱི་མང་ཚོགས་ལ་གནས་སྐབས་སྡོད་སར་ཞལ་འདེབས་སུ་ཕུལ་བ་དང་། ལས་དོན་མི་སྣས་དུས་ཡུན་ཉིན་5ཙམ་རིང་ཁང་པ་འདི་དག་བསྒྲིགས་པ་མ་ཟད་སྒོ་དང་སྒེའུ་ཁུང་ཡང་བསྒར་ཡོད་པས་ད་ཆ་འདི་ཁུལ་གྱི་མང་ཚོགས་རྣམས་ཚ་སོབ་སོབ་ཀྱི་ཁང་པའི་ནང་སྤོ་ཐུབ་པ་བྱུང་ཡོད།


    “མང་ཚོགས་མགྱོགས་མྱུར་གུར་ནས་སྟབས་བདེའི་ཁང་པའི་ནང་སྤོས་ཏེ།  གྲང་ངར་ཆེ་བའི་དགུན་ཁ་དེ་ཚ་སོབ་སོབ་ངང་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་ཉིན་ཤས་རིང་གི་གེགས་སེལ་ལས་དོན་གྱི་གཙོ་གནད་ཡིན།   ཉིན་ཤས་རིང་། གྲོང་ཚོའི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་དང་རྒྱ་ཆེའི་རོགས་སྐྱོབ་དཔུང་ཁག་གི་རོགས་རམ་ཤུགས་ཆེན་འོག་ད་ལྟ་ངེད་གྲོང་ཚོར་སྟབས་བདེའི་ཁང་པ་ཁྱོན་186ཆ་ཚང་བརྒྱབ་ཟིན་པ་དང་།  ཟླ་1ཚེས16ཉིན་ནས་བཟུང་། ཐེམ་པ་109ཡི་མི་541སྟབས་བདེའི་ཁང་པའི་ནང་སྤོས་ཚར་སོང”ཞེས་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་སྟོབས་རྒྱལ་གྱིས་བཤད།


    མཚོ་དབར་གྲོང་ཚོའི་གྲོང་མི་དོན་གྲུབ་གྱིས “གུར་དང་བསྡུར་ན་སྟབས་བདེའི་ཁང་པའི་ནང་དུ་དྲོ་པོ་ཞེ་དྲག་འདུག ང་ཚོ་ནང་མི་ཆ་ཚང་སྟབས་བདེའི་ཁང་པའི་ནང་སྤོས་ནས་ཚ་སོབ་སོབ་ངང་བསྡད་ཡོད“ཅེས་བརྗོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་དབར་གྲོང་ཚོར་ཁྱོན་སྟབས་བདེའི་ཁང་པ་186ཙམ་སྐྲུན་ཡོད་པ་དང་། ད་ཆ་གྲོང་ཚོའི་མང་ཚོགས་གཅིག་ཀྱང་མ་ལུས་པ་སྟབས་བདེའི་ཁང་པའི་ནང་སྤོ་ཐུབ་ནས་ཚ་སོབ་སོབ་ངང་དགུན་ཁ་བསྐྱལ་རྒྱུ་བྱུང་ཡོད།




:西藏日报藏文媒体

编辑(一审):次仁卓玛

责编(二审):白玛

终审(三审):胡文涛


网信噶尔
发布噶尔经济、民生、建设成绩和风景、民俗、旅游图片资料。
 最新文章