ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-15 08:54   青海  

གསར་འགྱུར་གལ་ཆེན། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མར་ཕེབས་ཏེ། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨའར་ཐེ་ཡི་གདན་ཞུས་ལྟར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་ཡང་གནང་། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས14ཉིན། ལི་མར་ཕེབས་ནས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཕེ་རུ་བའི་ཚགས་པར》ཐོག《ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ལ་བརྟེན་ནས་མཚོ་ཐོག་རྒྱང་སྐྱོད་བྱེད་དགོས》ཞེས་མགོ་བརྗོད་དུ་འཁོད་པའི་མིང་བཀོད་པའི་རྩོམ་ཡིག་སྤེལ་བ་རེད། 

བཟོ་བཅོས་བརྒྱབ་རྗེས་ཀྱི《རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་སྲོལ་ཡིག》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

ཚེས14ཉིན། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཐོན་ཚད་ཁྲི1000ལས་ཐོག་མར་བརྒལ་ཞིང་། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཁྲི1000ཐོན་པའི་རྒྱལ་ཁབ་ཐོག་མ་དེའང་ཡིན་པ་རེད། 

སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས13ཉིན་བར། རྒྱལ་ཡོངས་ཀྱི་འགན་བཅོལ་རྩིས་སྤྲོད་འགན་ལེན་གྱི་ཁང་པ་ཆ་ཚང་ཁྲི285རྩིས་སྤྲད་ཡོད་པ་རེད། 

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར37.1སྐྱེལ་འདྲེན་བྱས་པ་དེ། དུས་མཚུངས་ལས13%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་རེད། 

སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྐབས2025ཡི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི1222ཡིན་པ་དེ། དུས་མཚུངས་ལས་མི་ཁྲི43འཕར་ཡོད་པ་རེད། 

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། 2016ལོ་ནས2023ལོའི་བར་གྱི་ལོ8རིང་ཀྲུང་གོ་དང་ཕེ་རུའི་ཉོ་ཚོང་གི་ལོ་རེའི་ཆ་སྙོམས་འཕར་ཚད14.6%ཡིན་པ་རེད། 

ཚེས14ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མཚོ་ཁོངས་དང་མཐའ་འཁོར་ས་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད། 

ཚེས14ཉིན། རྒྱ་མཚོའི་ཚྭ་ཚད་འཚོལ་ཞིབ་ཚད་ལེན་སྲུང་སྐར་དེ་རྒྱང་སྐྱོད་བཞི་པའི་ཡའོ་ཝུའུ་བཅུ་གསུམ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ(长征四号乙遥五十三运载火箭)དེ་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་རེད། 

ཧྥ་རན་སེའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་ཚེས13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཕ་རི་སིའི་ཡེ་ཤུའི་མ་ཡུམ་སླར་ཡང་སྒོ་མོ་འབྱེད་པའི་མཛད་སྒོ་དེ་ཟླ12པའི་ཚེས7ཉིན་འཚོག་རྒྱུ་ཡིན་པ་རེད། 

སྤྱི་ཚོགས།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་ཚེས18ཉིན་བར་ཤར་རྒྱུད་ས་ཁུལ་མང་ཆེ་བའི་དྲོད་ཚད་ཡོངས་ཁྱབ་ཏུ6~10℃མར་ཆག་རྒྱུ་རེད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་རིང་ཚད་སྤྱི་ལེ་ཁྲི170ལས་བརྒལ་ཡོད་པ་རེད། 

ཚེས14ཉིན་བར། ནུབ་རླངས་ཤར་འདྲེན་སྦུག་དྲས་རང་རྒྱལ་ལ་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་སྐྱེལ་གཏོང་བྱེད་ཚད་རིམ་རྩིས་བྱས་ན་ཤོ་སྨི་དུང་ཕྱུར5000ལས་བརྒལ་ཡོད་པ་རེད། 

ཚེས14ཉིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཀྲང་ཧུང་ལི་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་ཞིབ་དང་པོའི་ཁྲིམས་ར་འཚོགས་པ་རེད། 

ཚེས14ཉིན། ཅང་ཞི་ཝན་ཉན་རྫོང་ཧྲང་ཧྥང་ཡུལ་ཚོའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ལི་ཕེ་ཞའི་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཕེ་ཞ་དུས་བཀག་བཙོན་འཇུག་ལོ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད། 

རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་མཚོ་ཐོག་རིག་ནུས་སྣུམ་ཞིང་ཚོགས་པ་སྟེ་ཨེན་ཕིང15-1སྣུམ་ཞིང་ཚོགས་པའི་ཉིན་རེར་ཐོན་ཚད་ཏུན7500ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

རང་རྒྱལ་གྱི་ཅང་ཞི་ཞིང་ཆེན་ནས་ཐོན་པའི་ས་དཀར་དུས་ཀྱི་ཁུང་འབྲུག་དམར་དཔེ་ཞིག་དངོས་རིགས་གསར་པ་སྟེ“རི་དྭགས་ཀྱི་རི་མོ་ཅན་གྱི་ཧྭ་ཞའི་རྒྱུད་ཀྱི་འབྲུག(兽纹华夏胄龙)”ཏུ་ངོས་འཛིན་གཏན་འཁེལ་བྱས་ཡོད། 

ཚེས16ཉིན་གྱི་ཐོ་རེངས་སུ། ལུགས་རྙིང་ལོ་ཐོའི་ཟླ་བཅུ་པའི་ཟླ་བ་ཉ་གང་དེ་མཚན་མོའི་མཁའ་དབྱིངས་སུ་འཆར་རྒྱུ་ཡིན་པ་དང་། དེ་ནི་ད་ལོའི“རིམ་འདས་ཟླ་བ”མཐའ་མ་དེ་ཡིན་པས་རང་རྒྱལ་གྱིས་དགའ་པོ་བྱེད་མཁན་སྤྱི་དམངས་ཀྱིས་ཚེས15དང16ཉིན་གྱི་དགོང་མོར་མྱོང་རོལ་བྱེད་ཆོག 

ཝུའུ་ཞི་འགག་སྒོ་ལས་ཁུངས་ཀྱིས་གནས་སྐོར་བ་ཞིག་གིས་མཛེས་འཆོས་བྱུག་རྫས་ཚད་ལས་བརྒལ་བ་འཁྱེར་ནས་མངའ་ཁོངས་ནང་འཛུལ་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། གནས་སྐོར་བ་གཉིས་ཀྱིས་འགག་སྒོ་ལས་ཁུངས་ལ་སྙན་སེང་མ་ཞུས་པའི་བྱུག་རྫས་དང་དྲི་ཞིམ་ཆུ། མཆུ་བྱུག་སོགས་མཛེས་འཆོས་བྱུག་རྫས་ཁྱོན434འཁྱེར་ཡོད་པ་རེད། 

ཧུའུ་ནན་དབྱི་དབྱང་གི་ལོ15ལ་སླེབས་པའི་བྱིས་པ་ཞིག་གློག་སྒུལ་འཁོར་ལོ་ནས་ལྷུང་སྟེ་རྒྱབ་ཕྱོགས་ཀྱི་མི་བཞུགས་རླངས་འཁོར་གྱི་འོག་ཏུ་ཚུད། ཉེན་ཁ་ཆེ་བའི་སྐབས་སུ་ཉེ་འཁོར་གྱི་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་ཡར་བཀྱགས་ནས་མྱུར་སྐྱོབ་བྱས་ཏེ། སྐར་ཆ34ལས་མ་འགོར་བར་བྱིས་པ་བུ་དེ་སྐྱོབ་ཐུབ་པ་བྱུང་ཡོད། 

སྲིད་ཇུས།

ཚེས14ཉིན་ནོར་སྲིད་པུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུ་བཅས་ཀྱིས་བརྡ་ཐོ་བཏང་ནས་འདྲེན་ཚུགས་གྲུ་ཁའི་དཔྱ་ཁྲལ་ཕྱིར་སློག་གི་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། 

ནང་སོག་གིས་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱེད་པའི་གྲོན་བསྡུའི་ལས་གཞི་དང་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད་ཚོད་འཛིན་ནན་པོ་བྱ་རྒྱུ་དེ་སྨན་བཅོས་ཞབས་ཞུ་ཡོངས་ཀྱི10%ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད།

ཧྥུ་ཅན་གྱིས་ཡིག་ཆ་བཀྲམ་ནས་རླངས་འཁོར་བརྗེ་ལེན་གསར་བརྗེས་ཁ་གསབ་མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་སྟེ། མི་སྒེར་གྱི་འཛད་སྤྱོད་པའི《རླངས་འཁོར་རྙིང་པ་ཕྱིར་འཚོང་གི་གཅིག་གྱུར་འཛིན་ཤོག》དེ་ཧྥུ་ཅན་ཞིང་ཆེན་ནང་ཁུལ་དུ་སྤྲོད་དགོས་པའི་བླང་བྱ་མེད་པ་བཟོས་པ་རེད། 

དེ་རིང་གི་གནམ་གཤིས། 

ནང་སོག་གི་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་རྒྱུད་རི་ཁུལ། ཀན་སུའུ་ཡི་མདོ་ལ་རིང་མོའི་ས་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཙམ་མམ་ཁ་ཆར་འདྲེས་མ་འབབ་པ་དང་། ཧུའུ་ནན་གྱི་ཤར་ལྷོ་རྒྱུད་དང་། ཅང་ཞིའི་ལྷོ་རྒྱུད་དང་དབུས་ཤར་རྒྱུད། ཨན་ཧུའེ་ཤར་ལྷོའི་རྒྱུད། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཧྲང་ཧའེ་ཡི་ལྷོ་རྒྱུད། ཀོང་ཏུང་གི་དབུས་རྒྱུད་དང་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章