བོད་རིག་པའི་དཔྱད་རྩོམ་རིཊ་དབྱེ་བདམས་བསྒྲིཊ་པོད་བཅུ་པར་དུ་བསྐྲུན།

政务   2024-11-08 16:40   青海  

«ཀྲུང་གོའི་དེང་རབས་བོད་རིག་པའི་དཔྱད་རྩོམ་རིགས་དབྱེ་བདམས་བསྒྲིགས»(1-10)ཞེས་པའི་དེབ་ཕྲེང་པར་དུ་བསྐྲུན།

ཉེ་ལམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཐའ་བ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་གཙོ་སྒྲིག་གནང་བའི«ཀྲུང་གོའི་དེང་རབས་བོད་རིག་པའི་དཔྱད་རྩོམ་རིགས་དབྱེ་བདམས་བསྒྲིགས»ཞེས་པའི་དེབ་ཕྲེང་པོད་ཆེན་བཅུ་ཡི་བདག་ཉིད་ཅན་དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། དེབ་ཕྲེང་འདིའི་དཔྱད་རྩོམ་རྣམས་ནི1978ལོ་ནས2015ལོའི་བར་གྱི་རྒྱལ་ཁབ་ཕྱི་ནང་ཀུན་ལ་འགྲེམ་སྤེལ་ཆོག་མཆན་ཐོབ་ཡོད་པའི་བོད་ཡིག་དུས་དེབ་སོ་གཅིག་ཞིབ་ཏུ་བསྡུས་ཏེ། དེང་རབས་བོད་རིག་པའི་གནས་བབ་དང་འཕེལ་ཕྱོགས་མཚོན་ཐུབ་པའི་རིག་གཞུང་དཔྱད་རྩོམ་ཕུལ་དུ་བྱུང་བ640བདམས་ཤིང་རིག་ཚན་བཅུ་རུ་བཀར་ཏེ་དེབ་ཕྲེང་དུ་བསྒྲིགས་པ་འདི་ཡིས། བོད་རིག་པ་ལ་སྤྲོ་བ་ཡོད་པའི་གསར་སྐྱེས་གཞོན་ནུ་རྣམས་དང་། སློབ་ཆེན་སློབ་མ། དགེ་རྒན་དང་ཞིབ་འཇུག་པའི་ལས་དོན་གཉེར་མཁན་རྣམས་ལ་ཐོབ་སླ་འཚོལ་བདེའི་ཡིག་ཚགས་ཀྱི་མྱུར་ལམ་ཞིག་བསྐྲུན་ཡོད་ཅེ་ན་མི་ཆོག་པ་མེད་པར་འདོད།

«ཀྲུང་གོའི་དེང་རབས་བོད་རིག་པའི་དཔྱད་རྩོམ་རིགས་དབྱེ་བདམས་བསྒྲིགས»ཞེས་པའི་དེབ་ཕྲེང་འདིའི་ལོ་ཙཱའི་སྐོར་གྱི་བམ་པོ་བེེ་རོ་དགྱེས་པའི་བཞད་སྒྲ་དང་། ལོ་རྒྱུས་སྐོར་གྱི་བམ་པོ་གཉའ་ཁྲི་དགྱེས་པའི་བཞད་སྒྲ། རིག་གནས་སྐོར་གྱི་བམ་པོ་ས་པཎ་དགྱེས་པའི་བཞད་སྒྲ། དམངས་སྲོལ་སྐོར་གྱི་བམ་པོ་མི་ཕམ་དགྱེས་པའི་བཞད་སྒྲ། ཡིག་ཚགས་སྐོར་གྱི་བམ་པོ་ལྷོ་བྲག་དགྱེས་པའི་བཞད་སྒྲ། མི་སྣའི་སྐོར་གྱི་བམ་པོ་མོང་བཟའ་དགྱེས་པའི་བཞད་སྒྲ། ཆོས་ལུགས་སྐོར་གྱི་བམ་པོ་ཙོང་ཁ་དགྱེས་པའི་བཞད་སྒྲ། རྩོམ་རིག་སྐོར་གྱི་བམ་པོ་ཤོང་སྟོན་དགྱེས་པའི་བཞད་སྒྲ། སྐད་ཡིག་སྐོར་གྱི་བམ་པོ་ཐོན་མི་དགྱེས་པའི་བཞད་སྒྲ། སྒྱུ་རྩལ་སྐོར་གྱི་བམ་པོ་ཐང་སྟོང་དགྱེས་པའི་བཞད་སྒྲ་བཅས་བམ་པོ་ཆེན་པོ་བཅུ་ཡོད་ལ། བམ་པོ་རེ་ན་ཕུལ་དུ་བྱུང་བའི་དཔྱད་རྩོམ་དྲུག་ཅུ་ལྷག་རེ་འདེམ་སྒྲིག་བྱས་ཡོད་པས། རིག་ཚན་མི་འདྲ་བ་སོ་སོའི་ཐད་ཀྱི་གནད་དོན་དང་དོགས་གཞིར་གྱུར་པ་རྣམས་དཔྱད་གསུམ་དག་པས་གཏན་ལ་ཕབ་ཅིང་གསལ་བར་བཀྲལ་ཡོད་པས། གཅིག་ནས་དུས་རབས་གསར་པའི་བོད་རིག་པའི་སྐོར་གྱི་དཔྱད་འབྲས་རྣམས་དུས་གཅིག་ལ་བལྟ་ཀློག་ཐུབ་པ་དང་། གཉིས་ནས་རིག་ཚན་སོ་སོའི་ཞིབ་འཇུག་གི་གནས་བབ་གསལ་བར་རྟོགས་ཐུབ་པ། གསུམ་ནས་རང་གི་དོགས་གཞི་མང་པོ་སྟབས་བདེར་སེལ་ཐུབ་པ་སོགས་ཀྱི་དགེ་མཚན་ཆེ་བར་མཐོང་སྟེ།

«ལོ་ཙཱའི་སྐོར་གྱི་བམ་སྟེ་བེེ་རོ་དགྱེས་པའི་བཞད་སྒྲ»རུ་ལོ་ཙཱའི་ཞིབ་འཇུག་གི་དཔྱད་རྩོམ76སྡུད་འགོད་བྱས་ཡོད་ལ། དེ་ལ་ལོ་ཙཱའི་གཞུང་ལུགས་སྤྱི་བཤད་དང་། གཞུང་ལུགས་བྱེ་བྲག་ཏུ་བཤད་པ། ལོ་ཙཱའི་ལོ་རྒྱུས། ལོ་ཙཱའི་ལག་ལེན། ལོ་ཙཱའི་མཐའ་དཔྱོད་སྐོར་བཅས་ལེ་ཚན་ཆེན་པོ་ལྔ་རུ་ཕྱེ་ཡོད། དེབ་འདིར་བོད་གནའ་རབས་ཀྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ལོ་ཙཱའི་ཐབས་ལ་བརྟེན་ནས་བོད་ལ་ཕྱིའི་རིག་གནས་ནང་འདྲེན་ཇི་ལྟར་བྱས་པའི་ཚུལ་དང་། ལོ་ཙཱའི་རིན་ཐང་། ད་ལྟའི་གནས་བབ་དང་གནད་དོན། ལོ་ཙཱ་ཡག་པོ་འབྱུང་བའི་ཚད་གཞི་སོགས་མངོན་པར་བསྟར་འདུག
«ལོ་རྒྱུས་སྐོར་གྱི་བམ་པོ་སྟེ་གཉའ་ཁྲི་དགྱེས་པའི་བཞད་སྒྲ»ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ57འདེམ་སྒྲིག་བྱས་ཡོད། དེ་ལ་ལོ་རྒྱུས་རིག་པ་དང་། བོད་སྔ་རབས་ལོ་རྒྱུས། བཙན་པོའི་གདུང་རབས། བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་དཀའ་གནད། བོད་སིལ་བུའི་རྗེས་ཏེ་ཡོན་མིན་ཆིང་དུས་ཀྱི་ལོ་རྒྱུས། ས་གནས་ལོ་རྒྱུས་ཀྱི་སྐོར་བཅས་ལེ་ཚན་དྲུག་ཏུ་བགོས་ཏེ། བོད་གནའ་དེང་གི་ལོ་རྒྱུས་ཀྱི་དཀའ་གནད་དང་དོགས་གཞི་རྣམས་ལ་དེང་རབས་མཁས་པས་སྤེལ་བའི་ཞིབ་འཇུག་གི་གྲུབ་འབྲས་གསར་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ་བསྒྲིགས་ཡོད་པས། བོད་ཀྱི་ལོ་རྒྱུས་ལ་སྤྲོ་བ་ཡོད་པའི་ཕྱི་རབས་པ་དང་སློབ་གྲྭ་ཆེན་མོ་བ་རྣམས་ལ་ཟུར་བལྟའི་ཡིག་ཆ་རྩ་ཆེན་ཞིག་གམ། སྤྱི་ཚོགས་འཕེལ་འགྱུར་གྱི་ཉམས་མྱོང་ལ་དཔྱད་བརྗོད་སྤེལ་བའི་དུས་རབས་ཀྱི་གོམ་སྒྲ་ཡང་ཡིན་པར་སེམས།
«རིག་གནས་སྐོར་གྱི་བམ་པོ་སྟེ་ས་པཎ་དགྱེས་པའི་བཞད་སྒྲ»ན་རིག་གཞུང་དཔྱད་རྩོམ69ཡིས་གྲུབ་ཅིང་། དེ་ལ་ས་མིང་དང་། རུས་མིང་། བོད་ཀྱི་ཤེས་རིག་ཞིབ་འཇུག ཡུལ་ཁོངས་རིག་གནས། དངོས་པོའི་རིག་གནས། རྒྱན་གོས་རིག་གནས། རང་བྱུང་ཚན་རིག གེ་སར་སྒྲུང་། གཞན་དག་གི་སྐོར་བཅས་ལེ་ཚན་དགུ་རུ་ཕྱེ་ཡོད་ལ། 1978ལོ་ནས2015ལོའི་བར་གྱི་བོད་ཡིག་གི་དུས་དེབ་ཚད་ལྡན་ཐ་དག་ལས་བཏུས་ཏེ་བསྒྲིགས་ཡོད་པས་རིག་གཞུང་དཔྱད་རྩོམ་གྱི་རིན་ཐང་ཆེ་བར་མཐོང་།
«དམངས་སྲོལ་སྐོར་གྱི་བམ་པོ་སྟེ་མི་ཕམ་དགྱེས་པའི་བཞད་སྒྲ»ལ་རིག་གཞུང་དཔྱད་རྩོམ59བསྡུས་ཡོད་ལ། དེ་ལ་གཉེན་སྲོལ་གྱི་སྐོར་དང་། འདས་མཆོད་ཀྱི་སྐོར། གསོལ་མཆོད་ཀྱི་སྐོར། རྨི་ལམ་དང་རྨི་ལྟས་ལ་བརྟག་པའི་སྐོར། ཕྱུགས་ཟོག་གི་སྐོར། དམངས་སྲོལ་དད་མོས་ཀྱི་སྐོར། ཡུལ་སྲོལ་གོམས་གཤིས་ཀྱི་སྐོར། དམངས་ཁྲོད་རིག་རྩེད་ཀྱི་སྐོར། གཞན་དག་གི་སྐོར་བཅས་ལེ་ཚན་དགུ་རུ་ཕྱེ་ཡོད། དེ་ཡང1988ལོ་ནས2015ལོའི་བར་གྱི་ཕུལ་བྱུང་དཔྱད་རྩོམ་གྱིས་གྲུབ་པས། མདོ་དབུས་མཐོ་སྒང་གི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་རྣམ་པར་བཀྲལ་ཞིང་། བོད་རང་གི་མི་ལོ་སྟོང་ཕྲག་མང་པོ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་བཟང་པོ་དག་ཇི་ལྟར་བྱུང་བ་དང་། དེའི་རིན་ཐང་ལྟ་བ། དེ་རྒྱུན་འཛིན་དར་སྤེལ་ཇི་ལྟར་བྱེད་པའི་སྐོར་ལ་དཔྱད་བརྗོད་སྤེལ་ཡོད་པས་རང་གི་རིགས་ལ་ཤ་ཞེན་ཡོད་པའི་ཕྱི་རབས་པ་རྣམས་ལ་མཚོན་ན་རིན་ཐང་བླ་ལྷག་ཏུ་ཆེ།

«ཡིག་ཚགས་སྐོར་གྱི་བམ་པོ་སྟེ་ལྷོ་བྲག་དགྱེས་པའི་བཞད་སྒྲ»ལ་རིག་གཞུང་དཔྱད་རྩོམ50འདེམ་སྒྲིག་བྱས་ཡོད་ལ། དེ་ཡང་ཡིག་ཚགས་རིག་པའི་སྐོར་དང་། རྡོ་བྲག་ཅོང་ཁྲམ་གྱི་ཡི་གེ ཏུན་ཧོང་ཡི་གེ དཔེ་རྙིང་ཞིབ་འཇུག གཞན་དག་སྟེ་ལེ་ཚན་ཆེན་པོ་ལྔ་རུ་ཕྱེ་ཏེ། 1982ལོ་ནས2015ལོའི་བར་གྱི་བོད་ཡིག་ཚད་ལྡན་དུས་དེབ་ཁག་ནས་བཏུས་ཏེ་བསྒྲིགས་ཡོད། ཡིག་ཚགས་རིག་པ་ནི་རིག་ཚན་གསར་པ་ཞིག་ཡིན་པས1995ལོའི་ཡར་སྔོན་བོད་ལ་རིག་ཚན་འདིར་ཞིབ་འཇུག་བྱེད་མཁན་ཅུང་ཉུང་བར་སྣང་ལ། ཡིག་ཚགས་རིག་པའི་རིག་ཚན་འདིའི་གཞུང་ལུགས་རིམ་གྱིས་དར་ཁྱབ་བྱུང་བ་དང་བསྟུན་ནས་བོད་ཡིག་ཡིག་ཚགས་ཀྱི་ཞིབ་འཇུག་ཚད་ལྡན་ཅན་དང་རིག་གཞུང་ཅན་དུ་འཕེལ་རྒྱས་བྱུང་ནས་རིག་གཞུང་དཔྱད་རྩོམ་ཀྱང་མང་དུ་སྤེལ་བ་ལས་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་ཡིན་པ་སྨོས་མེད་རེད།

«མི་སྣའི་སྐོར་གྱི་བམ་པོ་སྟེ་མོང་བཟའ་དགྱེས་པའི་བཞད་སྒྲ»ན་བོད་ཀྱི་མི་སྣ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ62བདམས་ཡོད་ལ། དེ་ཡང1982ལོ་ནས2015ལོའི་བར་གྱི་ཚད་ལྡན་བོད་ཡིག་དུས་དེབ་དག་ལས་བཏུས་ཏེ་བསྒྲིགས་པ་འདིས། དུས་རབས་སོ་སོའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཀྱི་མི་སྣ་གཙོ་བོ་དེ་དག་གི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་དང་། ཐུན་མོང་མ་ཡིན་པའི་སྙིང་སྟོབས་དང་ལྷག་བསམ། བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་བཞག་པའི་བླ་ན་མེད་པའི་མཛད་རྗེས་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་ལ་དཔྱད་བརྗོད་སྤེལ་བའི་ཕུལ་བྱུང་དཔྱད་རྩོམ་ཡིན་པས། དུས་རབས་གསར་པའི་ངེད་ཅག་ལ་མཚོན་ན་སློབ་གསོའི་རང་བཞིན་ལྡན་པར་མ་ཟད། ཡང་དག་པའི་མི་ཚེའི་རིན་ཐང་ལྟ་བ་ཇི་ལྟར་འཛིན་སྐྱོང་བྱེད་པར་མཛུབ་སྟོན་ཀྱི་ནུས་པ་ལྡན།

«ཆོས་ལུགས་སྐོར་གྱི་བམ་པོ་སྟེ་ཙོང་ཁ་དགྱེས་པའི་བཞད་སྒྲ»ལ་དཔྱད་རྩོམ62བདམས་ཡོད་ཅིང་། འདིར་ཆོས་གཞུང་གི་སྐོར་དང་། ཆོས་ལུགས་ལོ་རྒྱུས། དགོན་སྡེའི་སྐོར་བཅས་ལེ་ཚན་ཆེན་པོ་གསུམ་དུ་བཀར་དེ་བསྒྲིགས་ཡོད། དེ་ཡང1982ལོ་ནས2015ལོའི་བར་གྱི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཐབས་ལ་བརྟེན་ནས་ནང་བསྟན་རིག་གཞུང་གི་བྱུང་འཕེལ་དང་། ལྟ་སྒོམ་སྤྱོད་གསུམ། དགོན་པའི་རིག་དངོས་དང་ལོ་རྒྱུས་གནའ་ཤུལ་སྲུང་སྐྱོབ་ཐད་ལ་ཞིབ་འཇུག་བགྱིས་པའི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་ཁག་ཡིན་པས། བོད་ཀྱི་ནང་བསྟན་རིག་གཞུང་ཞིབ་འཇུག་ལ་སྤྲོ་བ་ལྡན་པའི་ཕྱི་རབས་པ་རྣམས་ལ་ཟུར་བལྟའི་རིན་ཐང་མི་དམན་པ་ལྡན།
«རྩོམ་རིག་སྐོར་གྱི་བམ་པོ་སྟེ་ཤོང་སྟོན་དགྱེས་པའི་བཞད་སྒྲ»རུ་རིག་གཞུང་དཔྱད་རྩོམ73འདེམ་སྒྲིག་བྱས་ཡོད་ཅིང་། དེ་ལ་རྩོམ་གཞུང་སྤྱི་བཤད་ཀྱི་སྐོར་དང་། རྩོམ་གྱི་རིགས་བྱེ་བྲག་པའི་སྐོར། རྩོམ་རིག་ལོ་རྒྱུས་ཀྱི་སྐོར། སྙན་ངག་དང་སྙན་གཞུང་གི་སྐོར། དེང་རབས་སྙན་ངག་དང་སྙན་ངག་པའི་སྐོར། བརྩམས་སྒྲུང་གི་སྐོར། དམངས་ཁྲོད་རྩོམ་རིག་དང་གེ་སར་སྒྲུང་གི་སྐོར་བཅས་ལེ་ཚན་བདུན་དུ་བཀར་ཡོད། 1981ལོ་ནས2015ལོའི་བར་གྱི་དཔྱད་རྩོམ་འདི་དག་གིས་སྲོལ་རྒྱུན་རྩོམ་རིག་གི་གཞུང་ལུགས་སྙན་ངག་མེ་ལོང་མ་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་ནས་དར་བའི་རྩོམ་རིག་གཉིས་ཀྱི་ཁྱད་པར་དང་འཕེལ་འགྱུར། དུས་རབས་གསར་པའི་རྩོམ་རིག་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་མཚོན་འདུག
«སྐད་ཡིག་སྐོར་གྱི་བམ་པོ་སྟེ་ཐོན་མི་དགྱེས་པའི་བཞད་སྒྲ»ལ་དཔྱད་རྩོམ62འདེམ་སྒྲིག་བགྱིས་པར། བརྡ་སྤྲོད་ཀྱི་འཕེལ་རིམ་དང་། བརྡ་རྙིང་། བརྡ་སྤྲོད་གཞུང་ལུགས། ཡུལ་སྐད། ཟུར་ཆགས་སོགས་སྣ་ཚོགས་ཀྱི་སྐོར་ཏེ་ལེ་ཚན་ཆེན་པོ་ལྔ་རུ་ཕྱེ་བ། 1982ལོ་ནས2015ལོའི་བར་གྱི་རྒྱལ་ནང་གི་ཚད་ལྡན་དུས་དེབ་དག་ལས་བཏུས་ཏེ་བསྒྲིགས་པ་འདིས་བོད་ཀྱི་སྐད་བརྡ་རིག་པའམ་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་རིག་གཞུང་ལ་ཞིབ་འཇུག་ཇི་ལྟར་བགྱི་བཞིན་པའི་ཚུལ་དང་། གནད་དོན། གྲུབ་འབྲས། བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས་མངོན་པར་མཚོན་ཐུབ་ཡོད།
«སྒྱུ་རྩལ་སྐོར་གྱི་བམ་པོ་སྟེ་ཐང་སྟོང་དགྱེས་པའི་བཞད་སྒྲ»ལ་རིག་གཞུང་དཔྱད་རྩོམ70འདེམ་སྒྲིག་བྱས་ཡོད་ལ། དེ་ལ་ལྷ་རིས་སྒྱུ་རྩལ་གྱི་སྐོར་དང་། ལག་བཟོ་སྒྱུ་རྩལ། འབུར་བརྐོས་སྒྱུ་རྩལ། ངག་རིག་སྒྱུ་རྩལ། གར་འཆམ་སྒྱུ་རྩལ། སྒྱུ་རྩལ་རིག་གནས་སྤྱི་བཤད་ཀྱི་སྐོར་བཅས་ལེ་ཚན་དྲུག་ཏུ་ཕྱེ་བ། 1985ལོ་ནས2015ལོའི་བར་གྱི་དཔྱད་རྩོམ་བམ་པོ་འདིས་དུས་རབས་གསར་པའི་སྐབས་འདིར་བོད་ཀྱི་སྒྱུ་རྩལ་རིག་གནས་རྒྱུད་འཛིན་དར་སྤེལ་ཇི་ལྟར་བྱུང་བའི་ཚུལ་དང་བོད་ཀྱི་སྒྱུ་རྩལ་རིག་གནས་སྐོར་གྱི་ཞིབ་འཇུག་གི་གྲུབ་འབྲས་མངོན་པར་མཚོན་པས་ཟུར་ལྟའི་དཔེ་དེབ་གལ་ཆེན་ཞིག་ཏུ་མཐོང་།
མདོར་ན། དེབ་ཕྲེང་འདིར1978ལོ་ནས2015ལོའི་བར་གྱི་རྒྱལ་ནང་གི་བོད་ཡིག་ཚད་ལྡན་དུས་དེབ་ཐོག་བཀོད་པའི་དཔྱད་རྩོམ་ལེགས་གྲས་རྣམས་འདེམ་སྒྲིག་གི་སྐབས་སུ། ཕྱོགས་གཅིག་ནས་དུས་སྐབས་སོ་སོའི་སྐབས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་འདེམས་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དུས་དེབ་སོ་སོའི་དཔྱད་རྩོམ་གྱི་ཁྱད་ཆོས་མངོན་ཐུབ་པར་བྱེད་པའི་ཆེད་དུ། དཔྱད་རྩོམ་འདེམ་སྡུད་སྐབས་གོང་གསལ་གྱི་དགོས་པ་ཕྱོགས་གཉིས་ལ་དམིགས་ནས་ལེགས་རྩོམ་རྣམས་བཏུས་ཏེ་བསྒྲིགས་པ་ཞིག་ཡིན་ཏེ། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནི་དེང་རབས་བོད་རིག་པ་ཞིབ་འཇུག་གི་ཐོག་མའི་དུས་སྐབས་ཡིན་པས། སྐབས་དེ་དག་གི་དཔྱད་རྩོམ་ཁྲོད་ལུང་ཁུངས་མི་གསལ་བ་དང་། ཁ་བྱང་ཆེ་ལ་ནང་དོན་ཉུང་བ། ཐ་ན་ངོ་སྤྲོད་ཙམ་ལས་དཔྱད་འཇོག་དང་སྡོམ་ཚིག་མེད་པ་ཟིན་བྲིས་ལྟ་བུར་སྣང་བ་སོགས་རིག་གཞུང་དཔྱད་རྩོམ་ཚད་ལྡན་མ་ཡིན་པ་མང་དག་ཅིག་དུས་དེབ་སྟེང་བཀོད་ཡོད་ལ། དཔྱད་འབྲས་ཁོ་ནའི་ཐད་ནས་བལྟས་ན་དུས་རབས་ཉེར་གཅིག་པའི་སྐབས་ཀྱི་དཔྱད་རྩོམ་རྣམས་ཚད་ལྡན་ཅན་དུ་འཕེལ་རྒྱས་བྱུང་བ་དང་། རིག་ལམ་ཇེ་གསལ་དང་། ཞིབ་འཇུག་གཏིང་ཟབ་ཏུ་སོང་ཡོད་མོད། འོན་ཀྱང་དེབ་ཕྲེང་འདིར་དཔྱད་རྩོམ་འདེམ་སྡུད་བྱེད་སྐབས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་དུས་ཀྱི་འཕེལ་རིམ་མཚོན་པའི་ཆེད་དུ། དུས་རབས་སོ་སོའི་སྐབས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་བདམས་ཤིང་བཏུས་ཏེ་བསྒྲིགས་ཡོད་ལ། ལེགས་རྩོམ་སྡུད་ཐབས་གཉིས་པ་ནི། དུས་དེབ་བཟང་ངན་ཚང་མ་ནས་ཚབ་མཚོན་རང་བཞིན་ལྡན་པའི་རིག་གཞུང་དཔྱད་རྩོམ་བསྡུས་པར་ངེས་ཏེ། དེ་ཡང་རིག་གཞུང་དུས་དེབ་ལ་མཚོན་ན«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»གཉིས་རིག་གཞུང་དུས་དེབ་ཀྱི་ཚད་གཞི་མཐོ་ཤོས་སུ་བརྩི་བཞིན་ཡོད་མོད། དུས་སྐབས་གཅིག་གི་ནང་དུ་བཏོན་པའི་དུས་དེབ་སོ་སོའི་ཁྱད་ཆོས་མཚོན་པར་བྱེད་པའི་ཆེད་དུ་རིག་གཞུང་དཔྱད་རྩོམ་གྱི་སྤུས་ཚད་མཐོ་བའི་དུས་དེབ་རེ་གཉིས་ཙམ་མ་ཡིན་པར་སྐབས་དེའི་དུས་དེབ་ཁག་ཚང་མ་ནས་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་བདམས་ཤིང་བཏུས་ཏེ་བསྒྲིགས་པ་འདི་ཡང་དེབ་ཕྲེང་འདིའི་ཁྱད་ཆོས་ཤིག་ཏུ་མངོན་ནོ།།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章