ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-29 08:35   青海  

གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་ནས། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཐག་ཡག་པོ་བྱས་ཏེ་མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

ཟླ11པའི་ཚེས27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོར་ཞིས་ལ་གློག་འཕྲིན་བཏང་ནས་ཁོང་ཝུ་ལ་ཀུའེ་ཏུང་ཨན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གྲངས་འཛིན་ཉོ་ཚོང་བཅོས་སྒྱུར་གསར་གཏོད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད།

ཟླ11པའི་ཚེས28ཉིན། རེབ་བཅུ་གཅིག་པའི་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་བཞག་པའི་ཀྲུང་གོའི་མཁའ་དམག་སྐྱེལ་འདྲེན-20རྟགས་ཅན་གྱི་ཆེད་གཏོང་གནམ་གྲུ་ཧྲེན་དབྱང་དུ་བབས་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ43གྱི་སྐུ་རུས་མེས་རྒྱལ་གྱི་པང་དུ་ལོག་པ་རེད།

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན22603ཞིབ་བཤེར་ཐག་གཅོད་བྱས་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས2024ལོའི་པར་གཞིའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ཁྱབ་བསྒྲགས་བྱས་པ་དང་། སྨན་རྫས་སྣ་ཁ91གསར་སྣོན་བྱས་ཡོད་ལ2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ད་ལོའི་སྔོན་གྱི་ཟླ10བོར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར37.11ཟིན་པ་དང་། དུས་མཚུངས་ལས13%འཕར་ཡོད་པ་རེད།

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་དང་དམག་ཨུའི་ཆབ་སྲིད་ལས་དོན་པུའི་ཧྲང་ཅང་དམག་དཔོན་མེའོ་ཧྭར་སྒྲིག་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས་ཏང་ཀྲུང་དབྱང་གིས་ཞིབ་འཇུག་བྱས་པ་བརྒྱུད་མེའོ་ཧྭ་ལ་ལས་མཚམས་འཇོག་ཏུ་བཅུག་ནས་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

རང་རྒྱལ་གྱིས2035ལོར་རབས་རྗེས་མའི་བྱང་སྐར་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྩིས་ཡོད་པ་རེད།

ཚེས28ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་དམག་ཁུལ་གྱིས་མཚོ་དམག་དང་མཁའ་དམག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་ཉེ་འཁོར་གྱི་མཚོ་ཐོག་དང་མཁའ་དབྱིངས་སུ་དམག་གྲབས་ཀྱི་ཉེན་ཟོན་སྐོར་གཡེང་བྱས་པ་རེད།

སྤྱི་ཚོགས།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས28ཉིན་གྱི་མཚན་མོ་ནས་ཚེས30ཉིན་བར། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་སོགས་ཀྱི་གནམ་གཤིས་དྲོད་ཚད4~6℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ལ་དྲོད་ཚད8℃ཡན་མར་ཆག་རྒྱུ་རེད།

ཚེས28ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཧོ་པེ་དང་། ཅང་སུའུ། ཅང་ཞི་བཅས་ས་ཁུལ་གསུམ་གྱིས་རྫུན་ལྷད་ཞན་གསུམ་གྱི་བྱ་སྤུའི་བཟོས་རྫས་བཟོ་བ་དང་ཚོང་བར་ཞིབ་བཤེར་ཐག་གཅོད་དང་བཅོས་སྒྲིག་བྱས་པའི་གནད་དོན་ལ་བྱང་བུ་བཀལ་ནས་སྐུལ་སྒྲུབ་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བརྡ་ཁྱབ་བཏང་སྟེ་ཐོན་རྫས་ཀྱི་ཤོག་བྱང་མིང་རྟགསCALMANYཡིན་པའི་མཛེས་འཆོས་བྱུག་རྫས་སོགས་ཁག40གཏན་འབེབས་དང་མཐུན་པ་མ་རེད།

གྲངས་གཞི་ལས་མངོན་པར། ཚེས27ཉིན་བར། 2024ལོའི་ཀྲུང་གོའི་གློག་བརྙན་སྤ་སེ་བཙོངས་པའི་རིན་གོང་མི་དམངས་ཤོག་སྒོར་དུང་ཕྱུར400ལ་ཐོན་ཡོད་པ་རེད།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི360ཙམ་ལ་ཐོན་པའི་རེ་བ་ཡོད།

ཚེས28ཉིན། རང་རྒྱལ་གྱི་བྱེ་ཐང་ཆེ་ཤོས་ཐཱ་ཁེ་ལ་མ་ཀན་བྱེ་ཐང་ལ་སྤྱི་ལེ3046གི་སྐྱེ་ཁམས་སྲུང་ཡོལ་ཕྱོགས་ཡོངས་ནས་སྐོར་ཐུབ་པ་རེད།

ཚེས28ཉིན། གནམ་གྲུའི་ཨང་རྟགསB-657Tཡིན་པའི་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919དངོས་སུ་ཤར་ཕྱོགས་མཁའ་འགྲུལ་གནམ་གྲུའི་རུ་ཁག་ནང་ཞུགས་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་གྲུ་ཚང་ཁྱབ་ཆུང་དྲ་རྒྱའི་ཞབས་ཞུའི་ནུས་པ་ལྡན་པའིC919གནམ་གྲུ་ཐོག་དང་པོ་ཡིན་པ་རེད།

ཉེ་ཆར། རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོགས་པའི་ཞིབ་འཇུག་ཅིག་ལས་གྲོའི་ཐོན་རྫས་ཀྱི་ལེགས་ཆ་མི་འདྲ་བའི་མངོན་མེད་ཀྱི་རྣམ་པ་དེ་གྲོའི་རང་ངོས་ཀྱི་བྱང“སྲ”ལྷོ“སྙི”བའི་ཧེ་བག་ཐོན་པ་ཤེས་རྟོགས་བྱུང་བ་རེད།

ཚེས28ཉིན། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་མི240རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁམ་ཕུ་ཁྲེ་ནས་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པ་རེད།

སྲིད་ཇུས།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཉིན་ཤས་གོང་སྤྱི་བསྒྲགས་སྤེལ་ནས། 2024ལོའི་ཟླ12པའི་ཚེས15ཉིན་ནས་བཟུང་། ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱིས་ས་མཚམས་ཕྱི་རོལ་གྱི་ཁེ་ལས་ལ་ཕྱིར་གཏོང་བྱེད་པའི་ཐོ་འགོད་སྙན་སེང་མེད་པ་བཟོ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་པུས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཡོངས་བསྒྲགས་བྱས་ནས། ཉེན་ཡོད་ཟོག་རོ་གནས་སྤོ་བྱེད་སྐབས་ཐག་ཉེ་སར་གྱི་རྩ་དོན་ལ་བརྩི་སྲུང་བྱེད་པ་ལས། ཉེན་ཡོད་ཟོག་རོ་གཞི་ཁྱོན་ཆེ་བ་དང་བར་ཐག་རིང་པོར་དབོར་འདྲེན་དང་ཐག་གཅོད་བྱ་རྒྱུར་སྐུལ་མ་མི་བྱེད།

ཀུའེ་ཀྲོའུ་ཡིས་བྱེད་ཐབས་བཏོན་ནས་མི་སྒེར་གྱི་འཛད་སྤྱོད་པས་རླངས་འཁོར་རྙིང་བ་བེད་མེད་ཟུར་འཇོག་བྱེད་པའམ་ཡང་ན་གཞན་ལ་སྐོར་ནས། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྐབས་ཁ་གསབ་ཚད་གཞི་མཐོ་ཤོས་སྒོར་ཁྲི1.95ལ་མཐོ་རུ་བཏང་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ་དང་། ཅི་ལིན་གྱི་དབུས་རྒྱུད། ནང་སོག་གི་དབུས་ཤར་རྒྱུད། མཚོ་སྔོན་གྱི་དབུས་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཁངས་དྲག་པོ་འབབ་རྒྱུ་རེད། ཡུན་ནན་གྱི་དབུས་ཁུལ་དང་ལྷོ་ནུབ་ཁུལ་དུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་།  དེའི་ནང་། ཡུན་ནན་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་ལ་ལར་ཆར་ཆེན་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章