སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿
༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །
ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།
ང་ཚོ་ལ་དད་པ་ཅུང་ཟད་ཅིག་མ་གཏོགས་མེད་དེ། སངས་རྒྱས་ཀྱི་སྐུ་གཟུགས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མེད་པར་མ་ཟད། ང་ཚོས་བྱིས་པ་ལོ་ཆུང་ཞིག་གི་མདུན་ནས་བྱ་བ་ངན་པ་ཞིག་བྱས་ན་བྱིས་པ་དེས་ཤེས་ཨེ་འགྲོ་བསམ་ནས་དོགས་པ་སྐྱེས་པ་རེད། འོན་ཀྱང་བྱ་བ་ངན་པ་བྱེད་པའི་སྐབས་སུ་དཀོན་མཆོག་གསུམ་གྱིས་གཟིགས་ཡོད་མི་བསམ་པ་ནི་རྒྱུད་ན་སྐྱབས་འགྲོ་རྣམ་དག་ཅིག་མེད་པའི་རྟགས་ཡིན། དུས་རྒྱུན་དུ་རང་གི་མདུན་དུ་དཀོན་མཆོག་གསུམ་མི་བཞུགས་པ་མི་སྲིད་མོད། རང་གི་མདུན་དུ་དཀོན་མཆོག་གསུམ་བཞུགས་ཡོད་མི་བསམ་པར་མི་དགེ་བ་ལ་ལོངས་སྤྱོད་པ་ནི་དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་མེད་པའི་རྟགས་ཡིན། ང་ཚོས་དཀོན་མཆོག་གསུམ་བྱིས་པ་ཞིག་གི་ཚད་དུའང་བཞག་མེད་པ་དེས་ང་ཚོའི་རྒྱུད་ན་སྐྱབས་འགྲོ་རྣམ་དག་ཅིག་མེད་པ་ཤེས་ཐུབ།
རྣམ་གཡེང་ཐམས་ཅད་ཀྱི་རྩ་བ་ངག་ཀྱལ་ཡིན། མི་གཉིས་ཀྱིས་ཁ་བརྡ་བྱེད་པའི་ཚེ་བླ་མས་ཆོས་གསུང་ཚུལ་མ་རེད། དཔོན་པོས་ཁྲིམས་འཛིན་ཚུལ་མ་རེད། ལས་སྣེས་འགྲིག་འཛིན་ཚུལ་མ་རེད། ཅེས་ཁ་བརྡ་དེ་འདྲ་བྱས་ནས་འགྲོ་ཐབས་འདུག་ཐབས་བྱེད་པ་ནི། ཆོས་མི་ཡོང་བའི་རྒྱུ་གཙོ་བོ་དེ་རེད། བླ་བྲང་གི་བཅའ་ཡིག་གི་ནང་དུ་ཚོགས་གྲོལ་བའི་རྗེས་ནས་སྒོ་གཏན་ཏེ་སློབ་གཉེར་བྱེད་དགོས་ཞེས་སྒོ་གཏན་དགོས་པའི་རྒྱུ་མཚན་ཡང་ངག་ཀྱལ་ཀྱི་དབང་དུ་མི་འགྲོ་བའི་ཆེད་དུ་ཡིན་ཙ་ན། ངག་ཀྱལ་བཤད་རྒྱུ་ལ་རང་ཉིད་ཀྱིས་ཚད་འཛིན་དགོས།