གཡང་ཕྱུག་མཚོ་ལ་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཞིག་ཐོབ།

政务   2024-11-28 16:04   青海  

བོད་རིགས་བུད་མེད་འཁྲབ་སྟོན་པ་གཡང་ཕྱུག་མཚོ་ལ་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་གཉིས་པའི་ཁྲོད་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་གཟི་བརྗིད་མཚན་སྙན་ཐོབ།

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། ཧུའུ་ནན་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་གཉིས་པ་ཧུའུ་ནན་ཡུན་ཧྲུན་རྫོང་ཧྥུའུ་རུང་གྲོང་རྡལ་དུ་སྤེལ་ཞིང་། བོད་རིགས་བུད་མེད་འཁྲབ་སྟོན་པ་གཡང་ཕྱུག་མཚོ་ལ་ཐེངས་འདིའི་མི་རིགས་གློག་བརྙན་འགྲེམས་སྟོན་ཁྲོད་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

རྒྱལ་ནང་གི་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གློག་བརྙན་དགྱེས་སྟོན་དུ་གྲགས་པའི་ཧུའུ་ནན་མི་རིགས་གློག་བརྙན་འགྲེམས་སྟོན་ཁྲོད་དུ། མི་རིགས་བརྗོད་དོན་དུ་བཟུང་བའི་གློག་བརྙན་སྔོག་འདོན་བྱ་རྒྱུར་གཞོལ་ནས། དོན་དངོས་ཟིན་འགོད་དང་སྒྱུ་རྩལ་མཚོན་ཐབས་ལ་བརྟེན་ནས་རིག་གནས་བརྗེ་རེས་དང་རྒྱུས་ལོན་ལ་སྐུལ་འདེད་གཏོང་བཞིན་ཡོད། གློག་བརྙན་འགྲེམས་སྟོན་ཐོག་ལོ་ལྟར་ཕུལ་བྱུང་གི་མི་རིགས་གློག་བརྙན་ཁག་ཅིག་དཔྱད་འདེམས་དང་འགྲེམས་སྟོན་བྱས་ཏེ། ལྟད་མོ་བ་ཚོར་བརྙན་གཟུགས་ལས་འཛམ་གླིང་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཚར་སྡུག་རྣམ་པ་མངོན་ཅི་ཐུབ་བྱེད་བཞིན་ཡོད།

ད་ལོའི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ནས་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་བར་ཧུའུ་ནན་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་གཉིས་པའི་གློག་བརྙན་ཁྱོན་ཡོངས་ནས་བསྡུ་རུབ་དང་གདན་ཞུ་བྱས་ཏེ་གློག་བརྙན་བརྒྱ་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་གློག་བརྙན་ཉི་ཤུ་མཐའ་མའི་དཔྱད་འདེམས་ནང་ཚུད་པ་རེད། བདམས་ཐོན་བྱུང་བའི་གློག་བརྙན་ནང་བོད་རིགས་དང་ཧུའེ་རིགས། ཧ་སག་རིགས། ཡུ་གུར་རིགས། སོག་རིགས། པའེ་རིགས། ཡུས་ཀུའུ་རིགས། ཧྭ་ཡའོ་རིགས། ལི་སུའུ་རིགས། དབྱིས་རིགས། ཏའེ་རིགས། མིའོ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་བཅུ་ལྷག་འདུས་ཡོད།

འགྲན་རྩོད་དྲག་པོ་བརྒྱུད། སྐབས་འདིའི་གློག་བརྙན་འགྲེམས་སྟོན་ཐོག་ཕུལ་བྱུང་གློག་བརྙན་བཅུ་དང་འགྲེམས་སྟོན་གློག་བརྙན་དགུ། དཔྱད་འདེམས་ཨུ་ལྷན་གྱི་དམིགས་བསལ་གཟེངས་བསྟོད་གློག་བརྙན་གཅིག་བཅས་བདམས་པར་མ་ཟད། གློག་བརྙན་གཅིག་མགོ་ཚུགས་གློག་བརྙན་དུ་འདེམས་བསྐོ་བྱས་པ་རེད། མི་སྒེར་གྱི་མཚན་སྙན་ཐད་འཁྲབ་ཁྲིད་པ་རྩེ་གྲ་དང་། འཁྲབ་གཞུང་རྩོམ་པ་པོ་རྩེ་གྲ། སྐྱེས་པ་འཁྲབ་སྟོན་པ་རྩེ་གྲ། བུད་མེད་འཁྲབ་སྟོན་པ་རྩེ་གྲ། འཁྲབ་སྟོན་པ་གསར་པ་རྩེ་གྲ་བཅས་བྱ་དགའ་ཆེན་པོ་ལྔ་དཔྱད་འདེམས་བྱས། གཟི་བརྗིད་འདི་དག་ནི་ཕུལ་བྱུང་གློག་བརྙན་ལ་ཁས་ལེན་བྱས་པ་ཡིན་པར་མ་ཟད། མི་རིགས་གློག་བརྙན་གྱི་མ་འོངས་པར་རྒྱང་ལྟ་བྱས་པ་ཡང་ཡིན། 

༼སྦྲ་ནག༽ཅེས་པའི་གློག་བརྙན་འདིའི་བཟོ་སྐྲུན་ལྟ་ཞིབ་པ་ནི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཡིན་ལ། འཁྲབ་ཁྲིད་པ་ཐེག་ལོ་ཡིན། གློག་བརྙན་ནང་སྦྲ་ནག་གི་འཕོ་འགྱུར་སྐོར་གྱི་གཏམ་རྒྱུད་བརྗོད་པ་བརྒྱུད་ནས། འབྲོག་པ་ནི་དུས་རབས་ཀྱི་འཕོ་འགྱུར་ཁྲོད་དུ་དཀའ་ངལ་ལ་འཕྲད་པ་དང་སོམ་ཉིའི་དྲ་བར་ཚུད་པ་ཚུར་མངོན་དང་། དུས་རབས་གསར་པའི་ནང་དཔའ་ངར་ཆེན་པོས་ཁོར་ཡུག་གསར་པ་དང་འཕྲོད་ཐབས་བྱས་ཏེ་དབུལ་སྐྱོར་ལམ་བུའི་ཐོག་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཚུལ་སྐོར་མཚོན་པར་བྱས་ཡོད།

གཡང་ཕྱུག་མཚོས༼སྦྲ་ནག༽ཅེས་པའི་གློག་བརྙན་འདི་ལ་བརྟེན་ནས། སྐབས་སོ་ལྔ་པའི་གསེར་བྱའི་བྱ་དགའ་ལས་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་མིང་འདོན་ཡང་བྱས་མྱོང་ཡོད།



ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章