རྫ་ཆུའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ་དང་《བསང་མཆོད་བཀྲ་ཤིས་འཁྱིལ་བ་》གཉིས་ཀྱི་འབྲེལ་བར་དཔྱད་པ།
ནང་དོན་གནད་བསྡུས།
དཔྱད་རྩོམ་འདིའི་ནང་ལ་མིང་དུ་གྲགས་པའི་གཙང་བོ་གསུམ་ལས་རྫ་ཆུའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ་ཞེས་མིང་ཐོགས་པའི་ལོ་རྒྱུས་དང་། བོད་འབྲེལ་ས་ཁུལ་གྱི་བསང་ཡིག་གྲགས་ཅན་ནམ་བོད་ཀྱི་ཚད་ལྡན་བསང་དཔེ་《བསང་མཆོད་བཀྲ་ཤིས་འཁྱིལ་བ་》ནི་རྒྱལ་དབང་ལྔ་པ་ཆེན་མོ་མཆོག་དབུས་ནས་རྒྱ་ནག་ལ་མར་ཕེབས་པའི་སྐབས་ཀྱི་ལམ་བར་ནས་ད་ལྟའི་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་པའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ་ལ་བྱོན་ཏེ།དགེ་རྒྱལ་དཔོན་གཡུལ་རྒྱལ་མིང་སྲིང་སོགས་ཀྱིས་མཇལ་བའི་སྐབས་སུ་མེར་རྒན་ཀ་བཅུ་བ་ཤེས་རབ་རྒྱ་མཚོ་དང་ཆེ་ཆེན་དཔོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་སྐུལ་ངོར་དངོས་སུ་མཛད་པ་དང་། ཡུལ་གྱི་སྒོ་ནས་བསང་ཡིག་གི་མིང་དེ་ལྟར་བཏགས་པ་སོགས་ཀྱི་སྐོར་ལ་དཔྱད་ཞིབ་བྱས་ཡོད།
གནད་ཚིག
དགེ་རྒྱལ། རྫ་ཆུ། ཆུ་མགོ་བཀྲ་ཤིས་འཁྱིལ་བ། ངག་དབང་བློ་བཟང་རྒྱ་མཚོ། བསང་མཆོད་བཀྲ་ཤིས་འཁྱིལ་བ།
དེ་ཡང་ལྷོ་རྫ་དང་ཤར་རྫ་གཉིས་ལས་ལྷོ་རྫ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཟླ་ཆུ། རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་ཆེན་པོ་ཞིག་སྟེ། ཆུའི་སྟོད་རྒྱུད་རྫ་ཆུ་དང་ངོམ་ཆུ་ཞེས་པ་གཉིས་ཡོད་པ་གཉིས་ཀ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གདང་ལ་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཆབ་མདོའི་འགྲམ་དུ་ཆུ་བོ་དེ་གཉིས་གཅིག་ཏུ་འདྲེས་རྗེས་བྲག་གཡབ་དང་། མཛོ་སྒང་། སྨར་ཁམས། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དེའི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་དུ་འབབ་སྐབས་མིང་ལ་སྨེ་ཀུང་གཙང་པོ་ཟེར་བ་དེ་མཐར་ཡོ་ནན་གྱི་ལྷོ་རྒྱུད་ནས་ལྷོ་མཚོར་འབབ། ཅེས་འཁོད་ཡོད། དེ་ལས་གསལ་བ་ལྟར་རྫ་ཆུའི་མགོ་ཁུངས་དངོས་ནི། ད་ལྟའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ནུབ་རྒྱུད་ནས་ཐོན་པའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་སོགས་རྫ་དཀར་ནག་སྐྱིབས་གསུམ་གྱི་ཕུགས་རྣམས་ལ་ཐུག་ཡོད་དེ། རྫ་སྟོད་ནུབ་རྒྱུད་ཀྱི་གཡས་ངོས་ནས་རྫ་ནག་གི་ཆུ་དང་། གཡོན་ངོས་ནས་རྫ་དཀར་གྱི་ཆུ་འབབ་པ་དེ་གཉིས་རྫ་ཆུའི་མགོ་ཁུངས་གཙོ་བོ་གཉིས་ཡིན་ལ། རྫ་དཀར་གྱི་ཆུ་ཕུགས་དངོས་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ལ་ཐུག་ཅིང་ཆུ་གཉིས་འདྲེས་མདོ་ལ་རྫ་སྙིང་དཀར་ནག་སུམ་མདོ་རུ་གྲགས།
ཆུ་བོ་འདིའི་མགོ་ཁུངས་རྫ་རི་ལ་ཐུག་པས་རྫ་ཆུ་ཞེས་མིང་ཐོགས་ཏེ། ས་གནས་ཀྱི་དམངས་གླུའི་ནང་དུ། ཕ་དགེ་རྒྱལ་རྫ་ལ་རྫ་མཐུད་རེད།། འགྲོ་ཕོད་ས་ཨེ་གདའ་ཁྲོམ་ཆུང་ཚོ།། ཆུ་རྫ་ཆུ་དར་མེད་རབ་མེད་རེད།། རྒྱག་ཕོད་ས་ཨེ་གདའ་གཡུ་འཛི་རྟ།། ཞེས་ལེན་སྲོལ་ཡོད་ལ། དེ་ལས་ཆུ་མགོ་གང་ལ་ཐུག་པ་དང་ཆུ་མིང་ཇི་ལྟར་ཐོགས་ཚུལ་གསལ་བོར་བསྟན་ཡོད།
མ་ཚད་སྔོན་གྱི་ཡིག་རྙིང་རྣམས་ཀྱི་ནང་དུ་ཡང་རྫ་ཆུ་དང་རྫ་སྟོད། རྫ་སོགས་ཀྱི་ཐ་སྙད་མང་པོ་ཐོན་ཡོད་ཀྱང་འདིར་དཔེ་མཚོན་མདོར་བསྡུས་ཙམ་དྲངས་ན། འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་ནང་དུ་ཁོང་གི་སློབ་བུ་འགྱོ་ཆོས་སྐུ་རྒྱལ་བ་ཡེ་ཤེས་ལ་རྫ་སྟོད་བྱེའུ་ཁྲ་ཁྲ་ཡོད་སར་དགོན་པ་ཐོབ་ལ་སྒྲུབ་པ་གྱིས་ཤིག སློབ་མ་སྐྱོང་དང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཤིང་འཕྲིན་ལས་ཡུན་རིང་དུ་འབྱུང་ཞེས་ལུང་བསྟན་ཡོད། དེ་ལས་རྫ་སྟོད་ཅེས་པའི་མིང་འདི་དེང་སང་གི་འབོད་སྟངས་ཙམ་མིན་པར་ལོ་བརྒྱད་བརྒྱ་ལྷག་གི་ཡར་སྔོན་དུའང་འབོད་བཞིན་ཡོད་པ་ཤེས་ཐུབ།
ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཡུལ་འདིའི་གཞི་བདག་སྐོར་བསང་ལས། རྫ་རྒྱལ་འབྲི་བྱེད་ལ་སོགས་པའི།། རྫ་ཡི་གཞི་བདག་ཐམས་ཅད་བསང་།། ཞེས་དང་། ཆུ་འགོ་བཀྲ་ཤིས་འཁྱིལ་བ་བསང་།། རྫ་དཀར་ཤེལ་མཛོད་དཀར་མོ་བསང་།། རྫ་ནག་དར་ཤི་སྟག་རྩེ་བསང་།། རྫ་སྙིང་དཀར་ནག་སུམ་མདོ་བསང་།། ཞེས་དང་། ཡང་ཁོང་གི་རང་རྣམ་དུ། དེ་ནས་རྫ་སྟོད་ས་ཡི་ཆ། །སྔོན་ཚེ་རྒྱལ་པོ་ཆེན་པོ་ཞིག །རྟ་དམར་དུང་ཁྲབ་དཀར་པོ་ཅན། །ཁོ་ན་ཡོད་པ་ཁྲི་ཕྲག་ཙམ། །བྱུང་བའི་རྒྱལ་པོ་ཆེན་པོའི་རྒྱུད། །རྫ་སྟོད་རྒྱལ་པོའི་ཁབ་ཏུ་ཕྱིན། །ཞེས་སོགས་འཁོད་ཡོད། དེ་ལས་སྤྱི་ལོ་དུས་རབས་བཅུ་བདུན་པའི་སྐབས་སུའང་རྫ་སྟོད་དང་རྫ་ཞེས་པའི་མིང་འདི་མ་ཉམས་པར་འཁོལ་བཞིན་ཡོད་པ་མཐོང་ཐུབ།
ཡང་འབྲུག་ཁམས་སྤྲུལ་རང་རྣམ་དུ། རྫ་སྨད་ཆུ་ཁྲོམ་རི་ཁྲོད་དུ་ཕྱིན། ཞེས་དང་། རྫ་ཆུའི་བྱེས་ཐག་ལ་བུད་རྫ་རྒྱལ་ལ་བསང་དང་གསེར་སྐྱེམས་རི་ཁྲུས་བྱས། ཞེས་དང་། གཅོད་བླ་ཀརྨ་འཕྲིན་ལས་ཀྱིས་མཛད་པའི་རང་གནས་ཡུལ་ལྷའི་སྐོར་བསང་རྣམ་བཞི་ལས་འགྲུབ་ལས། རྫ་སྟོད་སྟག་རྩེ་བཅུ་གསུམ་བསང་།། བར་གྱི་རྫ་མཐུན་མཆེད་གསུམ་བྲན།། སྨད་ཀྱི་རྫ་སྨད་མཆེད་ལྔ་འབངས།། ཞེས་སོགས་འཁོད་ཡོད། དེ་ལས་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་དུ་ཡང་རྫ་ཡི་ཐ་སྙད་མུ་མཐུད་དུ་རྒྱུན་འཛིན་བྱེད་བཞིན་ཡོད་པ་ཤེས་ཐུབ་པ་དང་། ད་ལྟའི་རྫ་སྟོད་ས་གནས་ཀྱི་མང་ཚོགས་བརྒྱ་ཆ་གོ་དགུ་ཡིས་རྫ་སྟོད་དང་། རྫ་ཆུ། རྫ་རྒྱལ། རྫ་སྲིབ། རྫ་སྨད། རྫ་གཞུང་། རྫ་རི། རྫ་ཆབ། རྫ་ཡུང་སོགས་རྫ་འབྲེལ་གྱི་ཐ་སྙད་ཚང་མ་ཁ་བྱང་ལག་བྱང་དུ་གྱུར་ནས་བེད་སྤྱོད་བྱེད་བཞིན་ཡོད་པས་ཀྱང་ཤེས་ནུས།
མདོར་ན་ཆུ་བོ་འདིའི་མིང་ལ་ཆབ་མདོའི་ཡན་ཆད་ནས་རྫ་ཆུ་དང་། ཆབ་མདོ་ནས་ངོམ་ཆུ་དང་ཟླ་འདྲེས་པའི་ཕྱིན་ལ་ཟླ་ཆུ་དང་། བྲག་གཡབ་ཕྱོགས་ནས་ཁ་སྐད་ཀྱི་དབང་གིས་གླ་ཆུ་དང་། ཕྱིར་བབས་རྗེས་མེ་ཀོང་གཙང་བོ་ཞེས་འབོད། ཆུ་བོ་འདིའི་སྤྱིའི་རིང་ཚད་ལ་སྟོང་སྨི་༤༨༨༠ཡོད། དེ་ལྟར་འབབ་ཡུལ་དང་ཁ་སྐད་ཀྱི་དབང་གིས་ཆུ་སྟོད་ནས་རྫ་ཆུ་དང་། ཆུ་སྐེད་ནས་ཟླ་ཆུའམ་གླ་ཆུ། ཆུ་གཞུག་ནས་མེ་ཀོང་གཙང་བོའི་བར་རིམ་བཞིན་འགྱུར་བ་ཕྱིན་ཡོད། དེ་བས་ས་ཁུལ་སོ་སོ་ནས་ཆུ་བོའི་སྟོད་སྨད་བར་གསུམ་གྱི་མིང་ཕན་ཚུན་མི་ནོར་བར་རང་རང་གིས་བཏགས་པའི་མིང་དེ་ཡིག་ངག་གཉིས་ཐོག་ནས་བཀོལ་ན། དེ་ལ་དེའི་ལོ་རྒྱུས་ལྡན་པས་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡིན།
དང་པོ། རྫ་ཆུའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ།
རྫ་སྟོད་སྡེ་དགོན་ལོ་རྒྱུས་ལས་《བཀྲ་ཤིས་ལྷ་ཕུག་དགོན་པ།》ཞེས་པའི་ནང་དུ། “སྤྱི་ལོ་དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་དུ་དགེ་རྩེ་ཆོས་ཀྱི་རྒྱལ་མཚན་ཞེས་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པ་ཞིག་མདོ་ཁམས་རྫ་མ་མོ་རོང་ཞེས་པ་ནས་གནས་འདིར་ཕེབས་ཏེ་ཡོ་འབུམ་བཀྲ་ཤིས་དར་ཐང་དུ་བཞུགས་པ་ན། དགེ་རྒྱལ་དཔོན་ཚེ་རིང་དབང་ཕྱུག་དང་སྲས་བྱམས་པ་ཡེ་ཤེས་ཡབ་སྲས་གཉིས་ཀྱིས་ཞབས་ཏོག་ཞུས་ཤིང་། ཕྱོགས་དེར་དགོན་གནས་ཤིག་འདེབས་པར་ཐུགས་སྐུལ་ཞུས་པ་བཞིན་བླ་མས་ཀྱང་ཞལ་གྱིས་བཞེས་ཏེ། ཆོས་སྐྱོང་ཞལ་བཞི་པ་ལ་གཏོར་མ་ཞིག་ཕུལ་ཏེ་འཕྲིན་བཅོལ་གནང་བས། བྱ་རོག་ཅིག་གིས་གཏོར་མ་བླངས་ཏེ་འཕུར་སོང་བ་ཆོས་སྐྱོང་གི་སྤྲུལ་པར་གོ་སྟེ་གཏོར་མ་གང་དུ་ཟོས་པའི་སར་དགོན་གནས་འདེབས་པར་དགོངས་ནས་རྗེས་སུ་བསྙེགས་པས། སྔོ་ཉག་མའི་ལ་ཁར་ཕེབས་པ་ན། རྒྱབ་རིའི་བྲག་ཕུག་ཅིག་གི་སྟེང་དུ་བྱ་རོག་གིས་གཏོར་མ་ཟ་བར་གཟིགས། ཕྱོགས་མཚམས་ཀྱི་ས་དཔྱད་དང་བཀོད་ལེགས་པས་དགྱེས་ནས། ཕུག་པའི་ནང་དུ་མི་ཞིག་འདུག་པ་ལ། ཁྱོད་ཀྱི་མིང་ལ་ཅི་ཟེར། ཆུ་འདི་གང་ནས་བབས་གསུང་པས། མི་དེས་ངའི་མིང་ལ་བཀྲ་ཤིས་ཟེར། མདུན་གྱི་ཆུ་བོ་འདི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས་འབབ་ཚུལ་སོགས་ཞུས་པས་རྟེན་འབྲེལ་ལ་ཉེ་ཤིན་ཏུ་བཟང་བར་འགྲིག རྒྱབ་རི་དེའང་བདེ་མཆོག་རང་བྱོན་དང་ཕུག་པ་དེར་ལྷ་མོའི་རང་བྱོན་ཡོད་པར་གཟིགས་ཏེ་བཀྲ་ཤིས་ལྷ་ཕུག་ཅེས་མིང་དུ་བཏགས་ཤིང་གནས་དེར་གདན་ས་ཐོག་མར་ཕྱག་བཏབ། ཅེས་དང་། ཆུ་མགོ་བཀྲ་ཤིས་འཁྱིལ་བ། ཡོ་འབུམ་བཀྲ་ཤིས་དར་ཐང་། དགོན་པ་བཀྲ་ཤིས་ལྷ་ཕུག་སྟེ་བཀྲ་ཤིས་སུམ་ལྡན་དགེ་བར་རྒྱལ་བའི་ཞིང་”ཞེས་སོགས་འཁོད་ཡོད། དེ་ལས་ཕུག་པ་དང་སྔོ་ཉག་མ། ཡོ་འབུམ་བཀྲ་ཤིས་དར་ཐང་བཅས་ནི་ད་ལྟའི་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་དགེ་སྲིབ་གྲོང་སྡེའི་བཀྲ་ཤིས་ལྷ་ཕུག་དགོན་པའི་ཉེ་སར་ཡོད་ལ། མདུན་གྱི་ཆུ་བོ་ཞེས་པ་ནི་རྫ་ཆུ་ལ་གོ་དགོས་ཏེ། བཀྲ་ཤིས་ལྷ་ཕུག་དགོན་པའི་མདུན་གྱི་ཆུ་ནི་རྫ་ཆུ་ཡིན་པ་ད་ལྟའི་ཡུལ་དངོས་ལས་གསལ་བ་དང་། ཆུ་འགོ་བཀྲ་ཤིས་འཁྱིལ་བ་ནས་བབས་ཞེས་པ་དེས་རྫ་ཆུའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ་ཡིན་པར་གོ་ཐུབ།
གསུམ་པ། ཁམས་སྤྲུལ་རང་རྣམ་《རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ། 》ལས་གསལ་བའི་དགེ་རྒྱལ་ལོ་རྒྱུས།
སྤྱི་ལོ་༡༧༣༠ལོར་སྐུ་འཁྲུངས་པའི་འབྲུག་ཁམས་སྤྲུལ་རང་རྣམ་དུ། ལྷ་རྒོད་འབུམ་དེ་གཏུམ་དྲག་ཆེས་ཆེ་བས་དགེ་རྒྱལ་དཔོན་སྨྱོན་དུ་གྲགས། འབྲོང་ཁྱུ་དེད་པས་དཔོན་གྱི་ཆིབས་པ་དུང་ཁྱུང་གི་རྨིག་རྗེས་ནས་གསེར་ཐོན་པས་དེ་དུས་ཡུག་ཁ་གསར་པ་རྡོལ། ཡང་རི་དྭགས་ལ་ཕྱིན་པའི་སྐབས་སུ་ལི་ཁྲི་གཡག་སྙེ་གང་རྙེད་པས་ས་དེ་ལའང་དེང་སང་འབྲི་སྟོད་ཀྱི་ས་ཆ་ལི་ཁྲི་ལི་དམར་གཞུང་ཟེར་བ་དེ་ཡིན་པར་འདུག ཡང་ཁོད་བེ་གུ་སྒང་ནས་ཤེལ་ཕྲེང་དཀར་པོ་ཕྲེང་རྡོག་བརྒྱ་རྩ་བརྒྱད་པ་དངུལ་གྱི་འཛབ་དང་བཅས་པ་རྙེད་པའི་ས་དེར་ཁོད་བེ་གའི་ཤེལ་སྒང་རིང་མོ་ཟེར། དེ་རྣམས་གཞི་བདག་གིས་བྱིན་པར་གྲགས། དེ་སྐབས་སོག་པོའི་རྒྱལ་ཕྲན་ཨར་ས་ལང་གི་དམག་རྟ་ཁྲ་ཅན་དང་ཐུག་ནས་ཉིན་གསུམ་དུ་འཐབ་པས་ནུ་བོ་ཐུབ་པ་འབུམ་གྱིས་གཙོར་བྱས་པའི་དཔོན་གཡོག་བཅུ་གཅིག་བསད་ཤོར། སོག་དམག་ནས་བ་ཁེན་ཨེར་ཁེ་ཐའི་ཇའི་དང་། ཨེར་སྡེང་བཱ་ཐུར་ཁོ་ཤོས་ཆེ་དང་། གསོལ་དཔོན་ཤི་དར་ཇི་སང་གསུམ་གྱིས་གཙོས་པའི་སོག་དམག་དྲུག་ཅུ་ཙམ་བསད་པས་དམག་གི་རྒྱལ་ཁ་ཐོབ་ནས་སོག་དམག་ཕར་ལོག དེ་ནས་ད་ལྟའི་སྡོད་གནས་ལྷོ་ཟླ་ངང་མའི་ཆུ་རྒྱུད་བཟུང་ཞིང་། ཡུལ་དེར་ལྷ་ཐོག་དང་ཚང་གསར་སོགས་མང་པོས་ས་བཟུང་ནས་དེ་དག་ཡུལ་གཞན་དུ་འཁྱར་བའི་མཐར། ལྷ་འདྲེའི་འཕྲུལ་བུར་གྲགས་པའི་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་གྱིས་བཟུང་བས་གཏེར་མ་འགའ་ཞིག་ནས། ས་དགུ་ཤོར་གྱི་རྟིང་པ་ལྷ་འདྲེས་བཟུང་༔ ཞེས་འབྱུང་བའི་ཐོག་ཏུ་ཁེལ་བར་གྲགས། ཞེས་འཁོད་ཡོད། དེ་ལས་དགེ་རྒྱལ་ཚོ་བ་ནི་སྤྱི་ལོ་དུས་རབས་བཅུ་དྲུག་པའི་ནང་ཙམ་ནས་དགེ་རྒྱལ་གྱི་དཔོན་རབས་བཞི་པ་ལྷ་རྒོད་འབུམ་གྱི་དུས་སུ་སྔོན་གྱི་སྡོད་གནས་འབྲི་ཀླུང་སྟོད་རྒྱུད་ནས། ད་ལྟའི་ཆགས་གནས་ལྷོ་རྫ་ངང་མའི་སྟོད་རྒྱུད་དུ་གནས་སྤོས་ཤིང་ས་དེར་དབང་བསྒྱུར་གྱི་མགོ་ཚུགས་པར་བསྟན་ཡོད།
བཞི་པ། བསང་དཔེ་རྙིང་པ་དང་ཆུ་འགོ་བཀྲ་ཤིས་འཁྱིལ་བ།
མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ད་ལྟའི་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་གྱི་མངའ་ཁོངས་རྩི་ཆུང་སུམ་སྣ་ནས་མཛད་པའི་ཡུལ་འདིའི་གཞི་བདག་སྐོར་བསང་ལས། ཆུ་འགོ་བཀྲ་ཤིས་འཁྱིལ་བ་བསང་།། རྫ་དཀར་ཤེལ་མཛོད་དཀར་མོ་བསང་།། ཞེས་དང་། གཏེར་ཆེན་མཆོག་གྱུར་གླིང་པ་དགེ་རྒྱལ་ཡུལ་དུ་ཕེབས་སྐབས་ད་ལྟའི་རྫ་སྟོད་རྫོང་ཁོངས་དཔལ་ངེ་དགོན་ནས་མཛད་པའི་གཙང་མ་ལྷ་བསང་ཞི་བ་དཀར་པོའི་ཆོ་ག་ཡི་ནང་དུ། སྟོད་ཀྱི་བཀྲ་ཤིས་འཁྱིལ་བ་ནི།། དཀར་མོ་བདུད་རྩི་བུམ་པ་འཛིན།། ཞེས་དང་། སྤྱི་ལོ་༡༧༧༨ནང་ཙམ་དུ་སྐུ་འཁྲུངས་པའི་ད་ལྟའི་རྫ་སྟོད་རྫོང་རྣམ་སྲས་གནས་མདོ་དགོན་པའི་བླ་མ་གཅོད་བླ་ཀརྨ་འཕྲིན་ལས་ཀྱིས་མཛད་པའི་རང་གནས་ཡུལ་ལྷའི་སྐོར་བསང་རྣམ་བཞི་ལས་འགྲུབ་ལས། ཆུ་འགོ་བཀྲ་ཤིས་འཁྱིལ་ཀླུ་དང་།། ཀླུ་བརྒྱད་སྤྲུལ་འཁོར་བཅས་པ་བསང་།། ཞེས་སོགས་འཁོད་ཡོད། དེ་དག་ལས་བཀྲ་ཤིས་འཁྱིལ་བ་ནི་རྫ་ཆུའི་ཆུ་འགོ་ཡིན་ཞིང་། དེ་ལ་སྤྱི་ལོ་དུས་རབས་བཅུ་བདུན་ནས་བཅོ་བརྒྱད་དང་། བཅོ་བརྒྱད་ནས་ད་ལྟའི་བར་དུ་ཆུ་འགོ་བཀྲ་ཤིས་འཁྱིལ་བ་ཞེས་མིང་མ་འགྱུར་བར་བརྗོད་བཞིན་ཡོད་པ་སོགས་བསྟན་ཡོད།
ལྔ་པ། རྫ་ཆུའི་ཆུ་འགོ་བཀྲ་ཤིས་འཁྱིལ་བ་དང་བསང་མཆོད་བཀྲ་ཤིས་འཁྱིལ་བ།
གཅིག གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ནང་དུ་འཁོད་གསལ། ཆུ་འབྲུག་༡༦༥༢ལོ་ཧོར་ཟླ་ལྔ་པར་རྒྱ་ནག་ཏུ་ཕེབས་པའི་ལམ་རྒྱུད་སྐོར་ལས། སྙུག་ཆུ་དང་ཨག་འདམ་གྱི་ཆུ་རྣམས་རིམ་གྱིས་བརྒལ། ཆུ་མགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་གར་པ་ལྷ་རྩེ་གཞུང་དུ་སླེབས། བེ་རི་སྟོད་ཏ་གཡུལ་རྒྱལ་དང་ཆོས་སྒྲོན་མིང་སྲིང་སོགས་ཀྱིས་རྟ་བདུན་ཅུ། ཁྲབ་དགུ། སྤུ་ནག་ཕྱེད་ཉིས་བརྒྱ་བསྟར། ཞེས་འཁོད་ཡོད། དེ་ལས་སྙུག་ཆུ་ཞེས་པ་ནི་འདམ་རྒྱལ་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་སྙུག་གུ་རྒྱལ་གྱི་རྒྱུད་ནས་བབས་པའི་སྙུག་ཆུ་ཆུ་དང་། ཨག་འདམ་ཆུ་ཞེས་པ་ནི་ཨག་འདམ་ཁ་སྒང་སོགས་ནས་བབས་པའི་འདམ་ཆུ་དང་། ཆུ་མགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་གར་པ་ལྷ་རྩེ་གཞུང་དུ་སླེབས། ཞེས་པ་ནི་ད་ལྟའི་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་དང་དེའི་ཉེ་འཁོར་དུ་སྨུག་གི་གར་པ་ལྷ་རྩེ་ལས་ཆེ་བའི་རིའམ་ཡུལ་ལྷ་མིང་གྲགས་ཅན་གཞན་མེད་པས་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་གར་པ་ལྷ་རྩེ་གཞུང་དུ་སླེབས། ཞེས་བྱེ་བྲག་གི་མིང་སྤྱི་ལ་བཏགས་ཏེ་བྲིས་ཡོད་པ་དང་། བེ་རི་སྟོད་ཏ་གཡུལ་རྒྱལ་དང་ཆོས་སྒྲོན་མིང་སྲིང་ཞེས་པ་ནི་དགེ་རྒྱལ་གྱི་དཔོན་རབས་བདུན་པ་ཀརྨ་གཡུལ་རྒྱལ་དང་དེའི་སྲིང་མོ་ཀརྨ་ཆོས་སྒྲོན་གཉིས་ཡིན་པ་ས་གནས་ཀྱི་ལོ་རྒྱུས་ཁག་དང་ལྔ་པའི་རང་རྣམ། ལྔ་པའི་བཀའ་ཤོག་བཅས་གཤིབ་བསྡུར་བྱས་པ་ལས་ཤེས་པ་དང་། གོང་དུ་གསལ་བའི་ས་མིང་དང་ལམ་ཐིག་ལས་ཁོང་ཐེངས་འདིར་རྫ་སྟོད་ས་ཆ་ནས་ཐང་བོད་གནའ་ལམ་བརྒྱུད་དེ་དབུས་ནས་རྒྱ་ནག་དང་། རྒྱ་ནག་ནས་དབུས་ལ་ཕེབས་ཡོད་པའི་སྐོར་ཕྱོགས་ཙམ་རྟོགས་ཐུབ། མདོར་ན་རྒྱལ་དབང་ལྔ་པ་མཆོག་དབུས་ནས་རྒྱ་ནག་ལ་མར་ཕེབས་པའི་སྐབས་སུ་ལམ་བར་ནས་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ལ་དངོས་སུ་ཕེབས་ཏེ་དགེ་རྒྱལ་དཔོན་ཀརྨ་གཡུལ་རྒྱལ་མིང་སྲིང་གཉིས་སོགས་ཀྱིས་མཇལ་ནས་བརྒྱ་འབུལ་བཏེགས་པ་རྣམས་གསལ་བོར་བསྟན་ཡོད།
གཉིས། ཡང་འཕྲོས་དེ་མ་ཐག་ཏུ་ཆོས་སྒྲོན་གྱིས་རྒྱ་ནག་ནས་རིང་པོར་མ་ཐོགས་པ་ཡར་འོང་བའི་སྨོན་ལམ་ཡོད་པའི་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བ་དང་དེའི་ནུབ་མོ་བསོད་ནམས་དཔལ་བཟང་གིས་ཀྱང་བསྐུལ་བ་ལྟར་སོ་སོའི་འདོད་སྦྱར་བྲིས། མཆོད་དཔོན་དབུ་མཛད་གཉིས་ཀྱི་ངོར་ཇ་མཆོད་ངོ་མཚར་བཀོད་པ་དང་མགྲོན་གཉེར་མ་ཎི་བས་བསྐུལ་བའི་འཇིགས་བྱེད་ཀྱི་དབང་བརྒྱུད། མེརྒན་དཀའ་བཅུ་དང་སེ་ཆེན་དབོན་པོའི་ངོར་བསངས་དཔེ་བཀྲ་ཤིས་འཁྱིལ་པ་རྣམས་བརྩམས། ཞེས་འཁོད་ཡོད། དེ་ལས་རྒྱལ་དབང་ལྔ་པ་ཆེན་མོ་མཆོག་དབུས་ནས་རྒྱ་ནག་ལ་མར་ཕེབས་པའི་སྐབས་སུ་མེརྒན་དཀའ་བཅུ་བ་ཤེས་རབ་རྒྱ་མཚོ་དང་ཆེ་ཆེན་དཔོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་སྐུལ་ངོར་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས། ལྷ་རྣམས་མཉེས་པར་བྱེད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་འདི་བརྩམས་ཤིང་།ཡུལ་གྱི་སྒོ་ནས་མིང་དེ་ལྟར་བཏགས་པ་ཧ་གོ་ཐུབ་པ་རེད།
གསུམ། ད་དུང་སྔོན་གྱི་དགེ་རྒྱལ་ལོ་རྒྱུས་ཡིག་རྙིང་རྣམས་ཀྱི་ནང་དུ། རྒྱལ་དབང་ལྔ་པ་ཆེན་པོ་མན་ཆིང་གོང་མ་ཧྲུན་ཀྲིས་གདན་ཞུས་ལྟར་སྐུ་འཁོར་སུམ་སྟོང་ལྷག་བཅས་རྒྱ་ནག་ཏུ་ཕེབས་པའི་ལམ་དུ་བཀྲ་ཤིས་ལྷ་ཕུག་གི་བླ་མ་ཤེས་རབ་སེང་གེ་དང་དཔོན་གཡུལ་རྒྱལ་མིང་སྲིང་བཅས་ཀྱིས་ཆུ་མགོ་བཀྲ་ཤིས་འཁྱིལ་བར་མཇལ་ཞིང་། བླ་མས་དངུལ་གྱི་མཎྜལ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རེ་ཁཱ་བཀྲ་བས་ཐོག་དྲངས་བརྒྱ་འབུལ་དང་། གཡུལ་རྒྱལ་མིང་སྲིང་ནས་གོས་ཆེན་གྱི་རྒྱལ་མཚན་གྱིས་གཙོས་པའི་བརྒྱ་འབུལ་བཏེགས་པས་ཞལ་སྔ་ནས། ས་ལ་བཀྲ་ཤིས་འཁྱིལ་བ། དགོན་ལ་བཀྲ་ཤིས་ལྷ་ཕུག འབུལ་བ་ལ་བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་གསུམ་གྱི་རྟེན་འབྲེལ་བཟང་། དཔོན་ལ་ཀརྨ་གཡུལ་རྒྱལ། སྡེ་ལ་ཉ་མཚོ་དགེ་རྒྱལ། འབུལ་བ་གོས་ཆེན་རྒྱལ་མཚན་ཏེ་རྒྱལ་ཁ་གསུམ་གྱི་རྟེན་འབྲེལ་བཟང་། ཞེས་གསུང་འཕྲོས་དང་གོང་མའི་ཕྱག་ལྕག་སོགས་སོ་སོར་གནང་སྦྱིན་བསྩལ་ཅེས་འཁོད་ཡོད། དེ་དག་ལས་ཆུ་མགོ་བཀྲ་ཤིས་འཁྱིལ་བ་དང་དགེ་རྒྱལ་བཀྲ་ཤིས་ལྷ་ཕུག་དགོན་གཉིས་ས་ཕྱོགས་གཅིག་ཏུ་ཡོད་པ་དང་། ཀརྨ་གཡུལ་རྒྱལ་ནི་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་གྱི་དཔོན་ཡིན་པ་དང་དེའི་སྐབས་སུ་དགེ་རྒྱལ་བླ་དཔོན་ཁ་སྤྲོད་ཀྱིས་རྒྱལ་དབང་ལྔ་པ་མཆོག་དངོས་སུ་མཇལ་བ་བསྟན་ཡོད།
བཞི། ཡང་རྒྱ་ནག་ནས་དབུས་ལ་ཡར་ཕེབས་པའི་ལམ་རྒྱུད་སྐོར་ལས། ཟླ་བ་དགུ་པའི་ཚེས་གཅིག་ལ་འབྲི་ཆུ་ནས་བཏེག །སྡེ་པས་དགེ་རྒྱས་བནྡེ་དང་ཨ་ནནྟ་གཉིས་ལ་ཞོན་དྲུག་ཙམ་ཞིག་བསྐུར་པའི་བསུ་བར་བཏང་། ཞེས་དང་། རྨོག་ལྗོངས་སུ་དགེ་རྒྱལ་ཆོས་སྒྲོན་སྤུན་གསུམ་གྱིས་གཙོས་སུམ་བརྒྱ་ཙམ་ལ་མ་ཎིའི་བཟླས་ལུང་། དོན་གཉེར་ཅན་དུ་མར་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་བསྙེན་གནས་ཀྱི་ཆོ་གའི་ལུང་བྱས། དཔོན་ངག་དབང་རྡོ་རྗེས་བསྐུལ་བའི་རང་བསྟོད་གཅིག་བྲིས། ཞེས་འཁོད་ཡོད་། དེ་ལས་རྒྱལ་དབང་ལྔ་པ་ཆེན་མོ་མཆོག་རྒྱ་ནག་ནས་དབུས་ལ་ཡར་ཕེབས་པའི་སྐབས་སུ་དགེ་རྒྱལ་པས་སྔོན་ལ་བསུ་མ་བཏང་བ་དང་། དགེ་རྒྱལ་ཀརྨ་ཆོས་སྒྲོན་སོགས་ལ་ཆོས་འབྲེལ་གསུངས་ཤིང་། དཔོན་ངག་དབང་རྡོ་རྗེས་སྐུལ་བའི་རང་བསྟོད་གཅིག་བྲིས་པ་བསྟན་ཡོད།
ལྔ། ཡང་དེའི་སྐབས་སུ་རྒྱལ་དབང་ལྔ་པ་ཆེན་པོས་དཔོན་ངག་དབང་རྡོ་རྗེ་ལ་གནང་བའི་བཀའ་ཤོག་སྔ་མའི་ནང་དུའང་། ༈ ཏཱ་ལའི་བླ་མ་བཛྲ་དྷ་རའི་གཏམ། འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཁར་ཁ་ཚོ་པ་བདུན། ཨོ་རོད་ཚོ་པ་བཞི། མདོ་སྟོད་སྨད་ས་ཆར་འཁོད་པའི་ལྷ་སྡེ་མི་སྡེ་དམག་ཇག་གི་འགྲིམ་འགྲུལ་བྱེད་པའི་བྱ་བ་ཞི་དྲག་གི་སྣེ་མོར་མངག་སླེབ་དང་བཅས་པ་མཐའ་དག་ལ་སྤྲིངས་པ། བེ་རི་སྟོད་པ་དགེ་རྒྱལ་འདི་པ་མི་རབས་སུ་ཞྭ་སེར་ཅོད་པཎ་འཛིན་པ་མཐའ་དག་གི་སྦྱིན་བདག་ཡིན་ཅིང་། ཁྱད་པར་དགའ་ལྡན་ཕོ་བྲང་དུ་གུས་ཞབས་ཆེ་བའི་སྐྱོང་འོས་ཡིན་པས་ཁྱོད་གོང་འཁོད་རྣམས་ཀྱིས་དཔོན་ངག་དབང་རྡོ་རྗེ་འདི་པའི་སྡེར་གཏོགས་མི་ནོར་ཕྱུགས་གསུམ་དང་བཅས་པར་གནོད་འགལ་ལོག་པར་འགྲོ་བ་མ་བྱེད། ཚུལ་བཞིན་བསྒྲུབས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན། རྣམ་པར་རྒྱལ་བ་ཞེས་པ་ཆུ་སྦྲུལ་ཧོར་ཟླ་༩པའི་ཚེས་༡༠ལ་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས་བྲིས། ཞེས་འཁོད་འདུག དེ་ལས་ཆུ་སྦྲུལ་ལོར་རྒྱལ་དབང་ལྔ་པ་ཆེན་མོ་མཆོག་རྒྱ་ནག་ནས་དབུས་ལ་ཡར་ཕེབས་པའི་སྐབས་སུ་ལམ་བར་ནས་ཡང་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ལ་བྱོན་ཏེ། དགེ་རྒྱལ་དཔོན་ངག་དབང་རྡོ་རྗེ་ལ་བཀའ་ཤོག་སྔ་མ་གནང་པའི་སྐོར་བསྟན་ཡོད།མཇུག་བསྡུ་བ།
རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་སྐོར་ལ་དཔྱད་པ་ཞེས་པ་འདིའི་ནང་དུ་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ཡིན་པ་དང་། དེ་ལ་བཀྲ་ཤིས་འཁྱིལ་བ་ཞེས་པའི་མིང་ཐོགས་དོན། རྒྱལ་དབང་ལྔ་པ་ཆེན་མོ་མཆོག་དབུས་ནས་རྒྱ་ནག་ལ་ཕེབས་པའི་ལམ་བར་ནས་ད་ལྟའི་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་དར་ཆེན་གྲོང་སྡེའི་ས་ཁོངས་སུ་ཡོད་པའི་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ལ་བྱོན་ཏེ། བསང་མཆོད་བཀྲ་ཤིས་འཁྱིལ་བ་དངོས་སུ་མཛད་པ་དང་དགེ་རྒྱལ་ཡུལ་གྱི་བླ་དཔོན་ཚོས་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས་རྒྱལ་དབང་ལྔ་པ་ཆེན་མོ་མཆོག་མཇལ་བའི་ཚུལ་དང་། ཕྱིས་སུ་ཡང་རྫ་ཆུའི་ཆུ་མགོ་ལ་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ཞེས་བརྗོད་བཞིན་ཡོད་པའི་སྐོར་བཅས་དོན་ཚན་ལྔ་ཡི་སྒོ་ནས་བྲིས་ཡོད་ལ། དེའང་ཕྱོགས་ཞེན་གྱིས་ཁུངས་ལུང་མེད་པའི་སྒོ་ནས་སྨྲས་པ་ཙམ་མིན་པར། རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དང་ཁམས་སྤྲུལ་རང་རྣམ། སྔོན་གྱི་དགེ་རྒྱལ་ལོ་རྒྱུས་ཡིག་རྙིང་རྣམས་དང་གཏེར་ཆེན་མཆོག་གྱུར་གླིང་པས་མཛད་པའི་བསང་ཡིག་གཙང་མ་ལྷ་བསང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཡུལ་འདིའི་གཞི་བདག་སྐོར་བསང་། གཅོད་བླ་ཀརྨ་འཕྲིན་ལས་ཀྱིས་མཛད་པའི་རང་གནས་ཡུལ་ལྷའི་སྐོར་བསང་རྣམ་བཞི་ལས་འགྲུབ་སོགས་སྔོན་གྱི་ཡིག་རྙིང་རྣམས་གཞིར་བཟུང་ཞིང་། ས་གནས་ཡུལ་མིའི་ངག་རྒྱུན་ལོ་རྒྱུས་ཀྱིས་ཟུར་རྒྱན་ཏེ་བྲིས་པ་ཡིན་པས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་ཤིག་ཏུ་འགྱུར་བར་སྨོན་ནོ།།
དཔྱད་གཞིའི་ཡིག་ཆ།
༡ རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། ངག་དབང་བློ་བཟང་རྒྱ་མཚོ། ཤོག་དེབ། ༣༦༠ དེབ་རིང་། ༤༣༤ དེབ་རིང་།
༢ ཁམས་སྤྲུལ་རང་རྣམ་རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། ཁམས་སྒར་གསུང་རབ་ཉམས་གསོ་ཚོགས་པས་དཔར་དུ་བསྐྲུན།
༣ གཙང་མ་ལྷ་བསང་ཞི་བ་དཀར་པོའི་ཆོ་ག གཏེར་ཆེན་མཆོག་གྱུར་གླིང་པ། ཤོག་གྲངས། ༡༤ ལག་བྲིས།
༤ མདོ་ཁམས་དགེ་འབྲོང་ལོ་རྒྱུས་ལྕི་ཟླའི་ཟེགས་མ། ལྷོ་བསྟན་འཛིན་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༢༢༠
༥ རྫ་སྟོད་སྡེ་དགོན་ལོ་རྒྱུས། ཤོག་གྲངས། ༡༠༩ སྲིད་གྲོས་རྫ་སྟོད་རྫོང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་།
༦ ཡུལ་འདིའི་གཞི་བདག་སྐོར་བསང་བཞུགས་སོ།། མཁས་གྲུབ་ཀརྨ་ཆགས་མེད། ལག་བྲིས།
༧ རང་གནས་ཡུལ་ལྷའི་སྐོར་བསང་རྣམ་བཞི་ལས་འགྲུབ་བཞུགས་སོ།། གཅོད་བླ་ཀརྨ་འཕྲིན་ལས། ལག་བྲིས། ཤོག་གྲངས། ༢
༨ རྫ་རྒྱལ་རི་བོའི་གསས་མཁར། ཚུལ་ཁྲིམས་ལེགས་བཤད། ཤོག་གྲངས། ༡༣༩ ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་། ༢༠༢༠
འཁོར་རྩ་ཚེ་དབང་འགྱུར་མེད་ནི་སྤྱི་ལོ་1991ལོར་དགེ་རྒྱལ་ས་ཆེན་སྡེ་བར་སྐྱེས། ཆུང་དུས་ནས་ཨ་ཕའི་རྒྱུད་ནས་བོད་ཡིག་གི་སྦྱོར་ཀློག་ལ་སློབ་སྦྱོང་བྱས་ཤིང་། དེ་ནས་རིམ་བཞིན་དགེ་རྒན་མང་པོར་བརྟེན་ཏེ་སུམ་རྟགས་དག་གསུམ་དང་། མངོན་བརྗོད། ལོ་རྒྱུས་སོགས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་མང་པོ་ཞིག་མི་ལོ་བརྒྱད་ལྷག་རིང་ཆེད་དུ་སྦྱངས། མ་ཚད་བྱ་ཕུག་ཐང་རྡོ་ནག་རེ་འདུན་སློབ་ཆུང་གི་བོད་ཡིག་དགེ་རྒན་ལོ་གསུམ་ལ་བྱས་པ་དང་།
ད་ལྟ་རྫ་སྟོད་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གེ་སར་གཞུང་དོན་ཁང་གི་ཀྲུའུ་རིན་དང་། རྫ་སྟོད་རྫོང་གེ་སར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྫ་སྟོད་རྫོང་སྲིད་གྲོས་ཀྱི་ཨུ་ཡོན། ཡུས་ཧྲུའུ་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་བཞིན་མཆིས། གེ་སར་རིག་གནས་དང་ས་གནས་ལོ་རྒྱུས་ཞིབ་འཇུག་པ། བརྩམས་ཆོས་ལ་རྫ་སྟོད་གེ་སར་རིག་གནས་དང་། རྫ་སྟོད་གཉེན་སྟོན་རིག་གནས། ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་གྱི་གཏམ་དཔེ་ཕྱོགས་བསྒྲིགས་སོགས་དེབ་དུ་མ་ཡོད།
ཡོངས་ཁུངས། རྫ་སྟོད་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།