དྲ་གྲོགས་ཤིག་གིས་བཤད་དོན། སྤྱོད་ཤན་ཆེས་ཆེ་བའི་དངོས་པོ་ནི་མཛེས་འདོན་བྱུག་རྫས་ཀྱི་མཐའ་མའི་ལྷག་འཕྲོ་དང་ཁ་པར་གྱི་མཐའ་མའི་གློག་ཚད་1%དེ་རེད།
དོན་དངོས་སུ་ལག་ཐོགས་ཁ་པར་གྱི་གློག་ཚད་1%ནི་དཔག་ཐང་ཙམ་རེད། ལག་ཐོགས་ཁ་པར་མང་ཆེ་བའི་གློག་ཚད་20%དང10%ལྷག་ཡོད་པའི་སྐབས་སུ་གློག་ཚད་དམའ་བའི་སྔོན་བརྡ་གཏོང་གི་ཡོད། གལ་སྲིད་དུས་ཐོག་ཏུ་གློག་མ་བསགས་ན་གློག་ཚད་20%ནས་1%བར་ལ་ཆག་པའི་མྱུར་ཚད་ཧ་ཅང་མགྱོགས། གློག་ཚད་1%ལས་མེད་དུས་ཁྱོད་ཀྱིས་སྐར་ཆ་རྗེས་མར་གློག་སྒོ་རྒྱག་རྒྱུ་རེད་སྙམ་མོད། འོན་ཀྱང་མཐར་དེས་ཆུ་ཚོད་ཕྱེད་ཀ་ཙམ་འདང་གི་ཡོད། དེའི་རྒྱུ་མཚན་ནི་1%ནི་དོན་དངོས་ཀྱི་གློག་ཚད་མ་རེད། གནས་ཚུལ་འདིའི་རིགས་ནི་ལིས་གློག་རྫས་ཀྱི་ཁྱད་ཆོས་དང་གློག་རྫས་དོ་དམ་མ་ལག་ལས་བྱུང་བ་རེད།
ད་ལྟའི་ལག་ཐོགས་ཁ་པར་མང་ཆེ་བར་ལིས་གློག་རྫས་བཀོལ་བཞིན་ཡོད་ལ། ལིས་གྱེས་རྡུལ་གློག་རྫས་བཀོལ་བར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཧ་ཅང་མང་སྟེ།
དྲོད་ཚད་དམའ་བ་སྟེ། དྲོད་ཚད་དམའ་བའི་ཁོར་ཡུག་ཏུ། ལིས་གློག་རྫས་ནང་གི་རྫས་འགྱུར་དངོས་པོའི་འགྱུར་འབྱུང་གི་མྱུར་ཚད་ཇེ་དལ་དུ་སོང་བས། གློག་རྫས་གློག་རྒྱུན་གློག་གསོག་དང་གློག་གཏོང་གི་ནུས་པ་ཇེ་དམའ་རུ་སོང་སྟེ། གློག་རྫས་ཀྱི་གློག་ཚད་ཡུན་རིང་སྤྱོད་མི་ཐུབ་པ་གྱུར།
དྲོད་ཚད་མཐོ་བ་སྟེ། ལིས་གློག་རྫས་ཀྱི་ཁྱད་ཆོས་ཤིག་ནི་རྙིང་པ་དང་ཚ་བ་ལ་སྐྲག་པ་དེ་ཡིན། དྲོད་ཚད་ཇི་ལྟར་མཐོ་ན། ལིས་གྱེས་རྡུལ་གློག་རྫས་ཀྱི་ཤོང་ཚད་ཀྱི་ཟད་ཚད་དེ་ལྟར་མགྱོགས། ཟད་ཚད་འདི་ནི་འགོག་ཐབས་མེད་པ་ཞིག་རེད། གོ་བདེ་བཤད་ན། གློག་རྫས་ཀྱི་ཤོང་ཚད་གཏན་དུ་ཇེ་ཆུང་འགྲོ།
རང་གིས་གློག་གཏོང་བ་སྟེ། ལིས་གྱེས་རྡུལ་གློག་རྫས་ལ་ད་དུང་རང་གིས་གློག་གཏོང་བའི་སྣང་ཚུལ་ཡོད་པས། ཁྱོད་ཀྱིས་མ་བཀོལ་ནའང་ལག་ཁྱེར་ཁ་པར་གྱི་གློག་ཚད་དལ་གྱིས་ཟད་ངེས།
ཐོན་སྐྱེད་བཟོ་རྩལ་ཏེ། གློག་རྫས་ཐོན་སྐྱེད་བཟོ་རྩལ་ལ་ཁྱད་པར་ཆུང་ངུ་ཡོད་པས། གློག་རྫས་རེ་རེ་ལ་ཁྱད་པར་རེ་འགའ་ཡོད་སྲིད་པས། དེ་ཚོ་རྙིང་འགྱུར་གྱི་ཚད་ཀྱང་མི་འདྲ།
དེའི་ཕྱིར། གློག་རྫས་རེ་རེ་ལ་རང་གི་གཤིས་རྒྱུད་རེ་ཡོད། ཡིན་ན་ཡང་སེམས་ཁུར་བྱེད་མི་དགོས། གློག་རྫས་བཟོ་སྐྲུན་མཁན་ལ་ཐབས་ཤེས་ཡོད་པས། ཁོ་ཚོས་གློག་རྫས་དོ་དམ་མ་ལག(BMS)གསར་སྤེལ་བྱས་ཏེ་གློག་རྫས་ཀྱི་“གཤིས་རྒྱུད”སྣ་ཚོགས་ལ་དོ་དམ་བྱས་ཡོད།
གློག་རྫས་དོ་དམ་མ་ལག(BMS)ནི་རྒྱུན་པར་གློག་རྫས་ཀྱི་དུམ་ཚན་དུ་འདུས་པའམ་ཡང་ན་ཁ་པར་གྱི་མ་པང་སྟེང་དུ་ཐད་ཀར་འདུས་ཡོད། མིང་ལ་“གློག་རྫས་དོ་དམ་པ” ཟེར་བས། གློག་རྫས་ལ་བདག་སྐྱོང་བྱེད་འགན་འཁུར་རྒྱུ་སྟེ། གློག་རྫས་ལ་གློག་མང་པོ་གསོག་ཏུ་མི་འཇུག་པ་དང་། གློག་གཏོང་ཚད་ཐལ་དྲགས་པར་མི་འཇུག་པ། དྲོད་ཚད་དམའ་ན་དྲོད་འཕར་བར་འཇུག་པ། ཚ་ན་དྲོད་ཚད་ཆག་པར་འཇུག་རྒྱུ་བཅས་སོ།
དོན་དངོས་སུ་ལིས་གྱེས་རྡུལ་གློག་རྫས་དང་གློག་རྫས་དོ་དམ་མ་ལག་གི་ནུས་ཤུགས་ཉིས་བརྩེགས་ལ་བརྟེན། དོན་དངོས་སུ་གློག་ཚད་10%ཡོད་ན་ཡང་གློག་རྫས་དོ་དམ་མ་ལག་གིས་ཚ་བ་ཆེ་བའི་རྐྱེན་པས་གློག་རྫས་དེ་ཙམ་ཡུན་རིང་མི་འདང་བར་འདོད་ནས། 1%ལས་ལྷག་མེད་པའི་ཉེན་བརྡག་གཏོང་བ་དང་། མྱུར་དུ་གློག་གསོག་པའི་དྲན་སྐུལ་བྱས་པ་རེད། དེའི་ཕྱིར་གློག་ཚད་1%ཏུ་གྱུར་ན་ཡང་། བྲེལ་མི་དགོས་པར་དུས་ཐོག་ཏུ་གློག་གསོག་ན་ཆོག