སྤྱི་ཟླ་11ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱི་ལྕགས་ལམ་འགྲུལ་སྐྱེལ་ཁྱབ་ཁོངས་སུ་ཕྱོགས་ཡོངས་ཀྱི་གྲངས་གཞི་ཅན་གྱི་གློག་རྡུལ་བཙོངས་འཛིན་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། འགྲུལ་པས་འགྲུལ་བཞུད་མཇུག་འགྲིལ་བའམ་ཡང་ན་ཕྱིར་སློག་གི་(སྤ་སེ་བརྗེ་བ་)གྲོན་དངུལ་སྤྲད་རྗེས་ཀྱི་ཉིན་180ཡི་ནང་ཚུན་དུ་རང་ཉིད་ཀྱི་ལྕགས་ལམ་གྱི་ཐོ་ཁོངས་12306ནང་འཛུལ་ཏེ་གློག་རྡུལ་བཙོངས་འཛིན་སྤྲོད་རྒྱུའི་རེ་ཞུ་བྱ་ཆོག
གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་》དེ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། ཚན་པ་དང་མི་སྒེར་གང་རུང་གིས་ཐོལ་བྱུང་དོན་རྐྱེན་གྱི་འབྲེལ་ཡོད་ཆ་འཕྲིན་རྫུན་བཟོ་དང་རྐང་བཙུགས་ནས་བརྒྱུད་བསྒྲགས་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད་ཅིང་། རྒྱལ་ཁབ་ཀྱིས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་ཀའི་ཁྲོད། ནར་མ་སོན་པའི་མི་དང་། རྒན་རྒོན། དབང་པོ་སྐྱོན་ཅན། མངལ་འཁོར་རིང་དང་ནུ་མ་བསྣུན་རིང་གི་བུད་མེད་ལ་སོགས་པའི་ཚོགས་སྤྱིར་དམིགས་བསལ་དང་སྔོན་ཐོབ་ཀྱི་སྲུང་སྐྱོང་བྱ་དགོས།
《ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱ་ཐབས་(ལྡོག་ཕྱོགས་ཀྱི་གསལ་ཐོ་)》ཞེས་པའི་དཔར་མ་གསར་པ་དེ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། དཔེ་སྐྲུན་དངོས་པོ་པར་འདེབས་བྱེད་པར་ངེས་པར་དུ་ཀྲུང་གོ་ཕྱོགས་ཀྱིས་མ་རྐང་ཚོད་འཛིན་བྱ་རྒྱུ་ཞེས་པ་དང་། ཀྲུང་ལུགས་ཐང་སྨན་གྱི་རླངས་བཙོས་དང་། བརྔོ་བ། མེ་བཙའ། སྲེག་པ་སོགས་ཀྱི་ལག་རྩལ་ལ་མ་འཇོག་བྱ་རྒྱུ་གཏན་འགོག་དང་དེ་བཞིན་ཀྲུང་ལུགས་སྨན་གྱི་གསང་སྲུང་སྨན་ཐོའི་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་ཞེས་པའི་ས་བཅད་མེད་པ་བཟོ་རྒྱུ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་གྱི་ཆོག་འཐུས་ཚོད་འཛིན་བྱ་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་ཡིན་པ་རེད།
སྤྱི་ཟླ་11ཚེས་1ཉིན་ནས་བཟུང་། གསར་དུ་བཞག་པའི་གན་རྒྱའི་འཕར་ཆག་ངེས་མེད་སྐྱེད་ཚད་ཀྱི་ས་ཁང་དངུལ་བུན་དེ་ས་ཁང་དངུལ་བུན་ཕུད་འཕར་ཆག་ངེས་མེད་སྐྱེད་ཚད་ཀྱི་དངུལ་བུན་གཞན་དག་དང་གཅིག་མཚུངས་ཡིན་པ་དང་། དངུལ་བུན་གཡར་གཏོང་ཕྱོགས་གཉིས་པོས་རང་བདག་གྲོས་མོལ་བྱས་ནས་རིན་གོང་བསྐྱར་དུ་གཏན་འཁེལ་བྱེད་ཆོག
《གློག་སྒུལ་འཁོར་ལོའི་ཐོན་རྫས་ཆོག་འཐུས་དང་ལས་རིགས་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》ཞེས་པ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་2024ལོའི་ཟླ་11ཚེས་1ཉིན་གྱི་རྗེས་བྲིན་འཚོང་བྱས་པ་དང་གོ་ཆོད་ཁས་ལེན་ལག་ཁྱེར་མེད་པའི་གློག་སྒུལ་འཁོར་ལོའི་རིགས་ལ་ཐོ་འགོད་བྱ་མི་ཆོག
《པེ་ཅིང་གྲོང་ཁྱེར་གྱི་སྨན་རྫས་སིལ་ཚོང་ཁེ་ལས་ཀྱིས་སྨན་ཚོང་(ལེན་)འཕྲུལ་ཆས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་》ཞེས་པ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། སྨན་རྫས་སིལ་ཚོང་མུ་འབྲེལ་ཁེ་ལས་ཀྱིས་ཁོངས་གཏོགས་ཀྱི་མུ་འབྲེལ་ཚོང་ཁང་ལ་བརྟེན་ནས་འགྲིམ་འགྲུལ་ལྟེ་གནས་ཆེ་གྲས་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཉོ་སྒྲུབ་ལྟེ་གནས་ཆེ་གྲས། ཨར་ཁང་དང་མགྲོན་ཁང་། གྲོང་མིའི་སྡེ་ཁུལ། སྡེ་ཁུལ་སྨན་བཅོས་སྒྲིག་གཞི། ཤང་དང་གྲོང་རྡལ་(གྲོང་ཚོ་)འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་ས་ཁོངས་སུ་རང་འདེམས་སྨན་ཚོང་འཕྲུལ་ཆས་འཛུགས་ཆོག་པ་ཁ་གསལ་བཏོན་ཡོད།
ཧྲང་ཧའེ་གྲོང་ཁྱེར་གྱིས་《གྲོང་ཁྱེར་འདི་གའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་བོགས་གཏོང་ལེན་པའི་ལས་སྒོ་ལེགས་སུ་གཏོང་རྒྱུའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ་》ཞེས་པ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ཧྲང་ཧའེ་གྲོང་ཁྱེར་དུ་རང་ལ་དབང་བའི་སྡོད་ཁང་མེད་པ་དང་ཁྲིམས་ལྟར་ཁྲོམ་རའི་བོགས་གཏོང་ཁང་པ་བོགས་གཏོང་བྱེད་མཁན་ཁྱིམ་ཚང་རེར་སྤྱི་གསོག་དངུལ་ལེན་ཆོག་པའི་གྲངས་འབོར་དེ་ཟླ་རེར་སྒོར་3000ནས་སྒོར་4000བར་མཐོ་རུ་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།
《ཡུན་ནན་ཞིང་ཆེན་གྱི་བུད་མེད་ལས་བཟོ་པའི་ངལ་རྩོལ་སྲུང་སྐྱོང་གི་དམིགས་བསལ་གཏན་འབེབས་》ཞེས་པ་དེ་སྤྱི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། མི་སྤྱོད་ཚན་པས་མི་བསྡུ་བའི་(གདན་ཞུ་)བརྒྱུད་རིམ་ནང་། མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་ཕུད། བུད་མེད་ལས་ཀ་འཚོལ་མཁན་གྱི་གཉེན་སྒྲིག་དང་བུ་བཙའི་གནས་ཚུལ་སྔར་བས་སྐད་ཆ་འདྲི་བའམ་ཡང་ན་བརྟག་དཔྱད་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།