རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་ཉེར་བདུན་པ་སྤེལ་བ།
༢༠༢༤ལོའི་སྤྱི་ཟླ༡༡པའི་ཚེས༦ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་ཉེར་བདུན་པ་སྤེལ།
ཐེངས་འདིའི་འཆད་ཁྲིད་སྟེང་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་པ་པདྨ་རྣམ་རྒྱལ་གདན་ཞུ་གནང་ནས་ནད་མེད་ཚེ་བསྲིང་རིག་པའི་གཞུང་ལུགས་དང་ལག་ལེན་སྐོར་ནས་འཆད་ཁྲིད་གནང་།
རྒན་ལགས་ཀྱིས་ཇི་འདྲ་ཞིག་ལ་ནད་མེད་ཚེ་བསྲིང་རིག་པ་དང་ཇི་ལྟར་ནད་མེད་ཚེ་བསྲིང་བའི་ཐབས་ལམ་ཀྱི་སྒོ་ནས་ཚེ་ཡུན་དུ་བརྐྱང་བའི་ཐབས་ཤེས་ལ། རྗེ་བཙུན་གཡུ་ཐོག་པས། ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང༌། ། བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་གྱིས། ། ཞེས་གསུངས་པ་ལྟར་ནད་མེད་ཚེ་བསྲིང་གི་བཞེད་དོན་འགྲུབ་པ་ལ་གསོ་བྱ་དང་གསོ་བྱེད། ཡང་ན་ལུས་ནད་གཉེན་པོ་གང་ཐད་ནས་བལྟས་ན་བདག་ཉིད་གཅིག་ཏུ་གྲུབ་པར་བརྟེན་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་ནང་གཡོ་བ་བཅུད་ཀྱི་སེམས་ཅན་ལ་བལྟོས་ནས་དུས་དྲུག་དང་སྦྱར་བའི་འགྲོ་བ་མིའི་ཟས་ཀྱི་རོ་ནུས་གང་མཐུན་པར་སྦྱོར་ལུགས་དང་སྤྱོད་ལམ་ཀྱི་སྤང་བླང་བྱ་ཚུལ། བོད་ལུགས་གསོ་བ་རིག་པའི་གཞུང་ལས་མིའི་རང་བཞིན་བདུན་གྱི་ཐུན་མིན་ངོས་འཛིན་གནང་ཚུལ་དང་འབྲེལ་ནས་ལུས་ཀྱི་བཅུད་ཟད་པ་སླར་ལེན་པར་བྱེད་པའི་བཅུད་ལེན་གྱི་སྦྱོར་བ། ལྷག་དོན་དེང་དུས་རང་སྨན་ཁང་གི་ནད་མེད་ཚེ་བསྲིང་ཚན་ཁག་ཏུ་རླུང་མཁྲིས་བད་ཀན་གྱི་ཁམས་དང་མཐུན་པའི་གནས་ཁང་དང་དཔྱད་བཅོས། ཟས་ཀྱི་གཡོ་སྦྱོར་སོགས་ཚེ་བསྲིང་བའི་དགོངས་དོན་ལྷུར་ལེན་བྱས་ཏེ་ནད་ཐོག་ཏུ་སྨན་ཇ་དང་བུར་ཆང་། རུས་ཆང་། སྦྲང་ཆང་སོགས་ཞིབ་འཇུག་འདོན་སྤེལ་བྱས་ཤིང་འགྲོ་བ་མིའི་ལུས་ཕུང་བདེ་ཐང་ཐད་ལག་ལེན་དམིགས་བསལ་བ་གནང་པར་རྗེས་རབས་འཚོ་བྱེད་ཀུན་གྱིས་ཀྱང་རྒྱུན་བསྲིངས་ནས་འདི་ལ་གཅེས་འཛིན་དང་དང་བླངས་གནང་དགོས་ཚུལ་སོགས་དང་། མཇུག་ཏུ་བོད་ཀྱི་གསོ་དཔྱད་རིག་པའི་གཞུང་དོན་ལས། མེ་ཏོག་ནད་མེད་ཚེ་རིང་གསལ་བ་ལ། །འབྲས་བུ་ཆོས་ནོར་བདེ་བ་གསུམ་དུ་སྨིན།།ཞེས་གནད་ཆེ་ལ་གཏིང་ཟབ་པའི་གཞུང་དོན་མ་འཁྱོལ་བར་ངེས་དགོས་པ་སོགས་འཆད་ཁྲིད་རྒྱས་པར་གནང་བའོ། །
རྩོམ་ཞུས། དོན་ལེ།
审 核: 东 雷
编辑:宣传统战科