2024ལོའི་ཟླ་11ཚེས་25ཉིན། ཝེ་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོ་བྱས་ཏེ། ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་། ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཟུར་པ་ཚུའེ་ཧུང་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྱབ་བསྒྲགས་བྱས་པ་རེད། ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་ཞུ་སྦྱོར་ཕྱི་མ་བ་ཚུའེ་ཧུང་ཀང་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་དང་ཟླ་བ་དྲུག་བྱ་རྒྱུ་དང་། དངུལ་ཆད་མི་དམངས་ཤོག་སྒོར་ས་ཡ་ལྔ་གཏོང་རྒྱུ། ལྐོག་རྔན་བླངས་པའི་གྱོད་དོན་ཐོ་རུ་བཀོད་དེ་དངུལ་དང་རྒྱུ་དངོས་སྒོ་རྒྱ་ཐེལ་གནོན་དང་བཙན་ཉར་བྱས་རིགས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་ནས་རྒྱལ་མཛོད་ལ་འབུལ་དགོས་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད།
འདྲི་ཞིབ་བྱས་པ་བརྒྱུད། 2003ལོའི་ཟླ་དང་པོ་ནས་2023ལོའི་ཟླ་6པའི་བར་ཞུ་སྦྱོར་ཕྱི་མ་བ་ཚུའེ་ཧུང་ཀང་གིས་ཙི་པོ་གྲོང་ཁྱེར་གྱི་གྲོང་དཔོན་གཞོན་པ་དང་། ཙི་པོ་གྲོང་ཨུད་ཀྱི་རྒྱུན་ཨུ། ཙི་པོ་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཅི་ཉིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་དཔོན་གཞོན་པ། ཅི་ཉིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། པིན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་སོགས་པའི་གོ་གནས་ཐོག་གི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་ཡང་ན་གནས་བབ་ལས་ཆགས་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་སྒེར་པར་ཁེ་ལས་གཉེར་སྐྱོང་དང་། ལས་གྲྭ་འགན་གཙང་ལེན་པ། གོ་གནས་ལེགས་སྒྲིག་སོགས་ཀྱི་རོགས་རམ་བྱས་ནས་འབྲེལ་ཡོད་ཚན་པའམ་སྒེར་གྱིས་སྤྲད་པའི་ཁྲིམས་འགལ་གྱི་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5299ལྷག་ཙམ་བླངས་ཡོད་པ་རེད།