ཟླ་11ཚེས་15ནས་17ཉིན་བར“2024ACEཨེ་ཤེ་ཡའི་བཟའ་བཏུང་འགྲེམས་སྟོན་དང་ཨེ་ཤེ་ཡའི་གཡོས་སྦྱོར་འགྲན་བསྡུར་ཆེ་མོ”ཧྲན་ཏུང་ཅི་ནན་དུ་འགོ་ཚུགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ལག་རྩལ་བཟོ་པའི་སློབ་གྲྭའི་དགེ་རྒན་ཀུན་བཟང་དབང་རྒྱལ་གྱིས་བཟོས་པའི“བཀྲ་ཤིས་ནས་ཀྱི་བང་ཕིག”ལ“ཨེ་ཤེ་ཡའི་གསེར་གྱི་བྱ་དགའ”ཐོབ་ཡོད།
སྐབས་འདིའི་ཨེ་ཤེ་ཡའི་བཟའ་བཏུང་འགྲེམས་སྟོན་ནང་ཨ་རི་དང་། འཇར་མན། སོ་ཏི་ཨ་རབ། པར་ཙིར། ཨུ་རུ་སུ། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་ཞུགས་ཡོད། རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་འཐུས་མིའི་རུ་ཁག་40ཡི་འགྲན་ཞུགས་པ་500ལྷག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
བང་ཕིག་ནི་སྲན་མ་ལས་བཟོས་པ་ཞིག་ཡིན་པ་དང་གཞིས་རྩེའི་མཚོན་རྟགས་རང་བཞིན་གྱི་ཁྱད་ལྡན་སིལ་ཟས་ཤིག་ཡིན་ཞིང་། མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། 2009ལོར་བང་ཕིག་བཟོ་རྩལ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པའི་ནང་ཚུད་ཡོད།
འགྲན་བསྡུར་ཆེ་མོར་ཀུན་བཟང་དབང་རྒྱལ་གྱིས་སྲོལ་རྒྱུན་གྱི་བང་ཕིག་བཟོ་སྟངས་རྨང་གཞིར་བྱས་ཏེ། ནས་བསྲེས་ནས་གསར་དུ་བཟོས་པའི་གཞིས་རྩེའི་ཁུལ་གྱི་བྲོ་བ་ལྡན་པའི“བཀྲ་ཤིས་ནས་ཀྱི་བང་ཕིག”ལ་རིགས་གཅིག་མཁས་ཅན་དཔྱད་འདེམས་པ་དང་ཚོགས་ཞུགས་ལས་རིགས་གཅིག་པ་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།